ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ལམ་བུར་ཡག་པོ་སྐྱོད་དགོས།
སྔོན་ཆད་གནམ་ཆུ་ཁོ་ནར་བརྟེན་ནས་ལྟོ་གོས་འཚོལ་བའི་འབྲོག་ཁུལ་དུ་ད་ཆ་དེང་རབས་ཅན་གྱི་གསོ་ཚགས་རྟེན་གཞི་མང་པོ་བསྐྲུན་ཡོད། དེ་སྔ་བེད་མེད་དུ་ལུས་པའི་ས་མཐོའི་ཉི་ནུས་དང་ཆུའི་ཐོན་ཁུངས་དག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྗང་མདོག་གློག་ནུས་སུ་འགྱུར་བཞིན་ཡོད། དགའ་འོས་པའི་འགྱུར་ལྡོག་དེ་དག་གི་རྒྱབ་ཏུ་བོད་ཀྱི་དོན་དངོས་དང་འཚམ་པའི་ཁྱད་ལྡན་ཐོན་ལས་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་བའི་ལམ་བུ་ཞིག་ཡོད་པ་རེད། ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། རང་ཡུལ་གྱི་ཁ་ཕྱོགས་ཡང་དག་བཙལ་ན་ད་གཟོད་ཡུན་རིང་གི་ནང་སྐྱེས་སྒུལ་ཤུགས་བརྟན་དུ་གཏོང་ཐུབ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི“དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན”གྱི་འཐབ་ཇུས་བཀོད་སྒྲིག་ལྟར། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག“ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། ལྗང་མདོག་གཏེར་ལས་སོགས་གཙོ་ཁྲིད་ཀྱི་ཀ་རྟེན་ཐོན་ལས་གཙོ་གནད་དུ་འཕེལ་རྒྱས་བཏང་ནས་ས་ཁོངས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེན་པོ་གཏོད་དགོས”ཞེས་གསལ་པོར་བཏོན་ཡོད།
འཕེལ་རྒྱས་གཏོང་བ་ནི་ལམ་ཐག་རིང་པོར་བསྐྱོད་པ་དང་འདྲ་བས། ཁ་ཕྱོགས་འགྲིག་ན་ད་གཟོད་དཀའ་ལས་དེ་ཙམ་རྒྱག་དགོས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་པས་དོན་དངོས་ལ་གཞིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། བོད་ལྗོངས་ལ་ས་བབ་མཐོ་བའི་ཐུན་མོང་མ་ཡིན་པའི་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཡོད་དེ། དཔེར་ན། ནས་ནི་ས་མཐོ་ནས་སྐྱེ་བ་ཞིག་ཡིན་པས། ཐོན་ལས་འཕེལ་རྒྱས་ཀྱང་ས་ཁུལ་གཞན་གྱི་རྣམ་པར་ལད་མོ་བྱེད་མི་རུང་བར་ངེས་པར་དུ་ལྗོངས་བབ་ལ་གཞིགས་ནས་ལམ་བུ་འོས་འཚམ་འཚོལ་དགོས། “ཐོན་ལས་ཆེན་པོ་དགུ”བདམས་པ་ནི་བོད་ཀྱི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་རང་བྱུང་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པར་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་དང་རྒྱབ་འགལ་སོང་མེད་ལ། ས་མཐོའི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་ཐོན་ལས་འཕེལ་རྒྱས་ཡུན་རིང་བརྟན་པོ་གཏོང་ཐུབ།
ཁྱད་ལྡན་ཐོན་ལས་ནི་ནང་སྐྱེས་སྒུལ་ཤུགས་སྐྱེད་སྲིང་བྱེད་པའི་ས་རྒྱུ་གཤིན་པོ་ཞིག་ཡིན་པས། ཐོན་ཁུངས་ཀྱི་ལེགས་ཆ་ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པར་བསྒྱུར་ཐུབ། སྔོན་ཆད་རང་མཁོ་རང་གསོའི་ནས་དང་འབྲི་གཡག་ད་ཆ་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་གསོ་དང་ལས་སྣོན་ཞིབ་ཚགས་བྱས་པ་བརྒྱུད། བྲིན་ཁ་རྒྱུག་པའི་ཁྱད་ལྡན་ཐོན་རྫས་སུ་གྱུར་ཡོད་ལ། ཞིང་འབྲོག་པས་ཀྱང་ཁྲོམ་ར་དང་བསྟུན་ནས་ཐོན་སྐྱེད་ལེགས་སྒྲིག་བྱེད་ཤེས་ཡོད། ཐུན་མོང་མ་ཡིན་པའི་ནུས་རྒྱུ་གཙང་མ་ལག་རྩལ་ལ་བརྟེན་ནས་གཏན་འཇགས་ཀྱི་གློག་ཤུགས་སུ་གྱུར་ཏེ། ས་གནས་དེ་གའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་རྒྱལ་ཡོངས་ལ་ཕྱིར་གཏོང་ཡང་ཐུབ་པས། ཐོན་ལས་འཁོར་འབྲེལ་དེ་བས་ཡག་པོ་བྱེད་ཐུབ་ཡོད། བརྒྱུད་རིམ་དེའི་ནང་མང་ཚོགས་ཀྱི་རྩལ་ནུས་ཆེ་རུ་ཕྱིན་པ་དང་ཁེ་ལས་ཀྱི་གསོན་ཤུགས་འཕེལ་ནས། ཐོན་ལས་འཕེལ་རྒྱས་གཏོང་རིང་ནང་སྐྱེས་སྒུལ་ཤུགས་རྒྱུན་མཐུད་ཆེ་རུ་དང་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད།
“གཞན་བརྟེན”ནས“རང་བརྟེན”བར་ཁྱད་ལྡན་ཐོན་ལས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་ཐུབ་ཡོད། ད་ཆ་འབྲོག་པས་ཕྱུགས་འཚོ་ཤེས་པ་མ་ཟད། ད་དུང་སྤུས་རྟགས་གཏོད་དེ་ཁྲོམ་རར་འབྲེལ་མཐུད་བྱེད་ཤེས་པ་དང་། ས་གནས་དེ་གའི་ཁེ་ལས་ཀྱིས་ཐོན་རྫས་ཐོན་སྐྱེད་ཐུབ་པ་མ་ཟད། ད་དུང་ཞིབ་འཇུག་གསར་སྤེལ་དང་ཁྲོམ་ར་རྒྱ་སྐྱེད་ཐུབ་པ། ཐོན་ལས་འཕེལ་རྒྱས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ནས་ཤེས་ལྡན་པ་ཕ་ཡུལ་དུ་ལོག་པའི་ཡིད་དབང་བཀུག་སྟེ་ཤེས་ལྡན་པ་ཇེ་མང་དུ་འགྲོ་བཞིན་ཡོད། དེ་བས་གལ་ཆེ་བ་ཞིག་ནི། ཚང་མའི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་ནས་རི་སྔོན་ཆུ་དྭངས་དང་གསེར་རི་དངུལ་རིའི་གཉིས་ཁེའི་ལམ་བུ་གསལ་པོར་མཐོང་ཐུབ་པ་མ་ཟད། སྲོལ་རྒྱུན་རིག་གནས་དེང་རབས་ཁྲོམ་ར་དང་འབྲེལ་མཐུད་བྱེད་པའི་མཉམ་འདྲེས་ཀྱི་ཐབས་ལམ་ཡང་རྙེད་ཡོད།
ད་ཆ། ནག་ཆུའི་རྩྭ་ཐང་དུ་དེང་རབས་ཅན་གྱི་འབྲོག་ར་དང་སྲོལ་རྒྱུན་གྱི་སྐྱས་སྤོས་འཚོ་བ་ཞི་མཐུན་མཉམ་གནས་ཐུབ་པ་དང་། ཡར་ཀླུང་གཙང་པོའི་ངོགས་སུ་ནུས་རྒྱུ་གཙང་མའི་རྟེན་གཞི་དང་རང་བྱུང་ཁོར་ཡུག་གཅིག་ལ་གཅིག་བརྟེན་དུ་གནས་ཡོད། བོད་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་འགྱུར་ལྡོག་རེ་རེས“བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་པའི”གནས་ལུགས་གཏིང་ཟབ་ལ་ར་སྤྲོད་བྱས་པ་དང་། དེ་ནི་ས་མཐོའི་སྐལ་བཟང་མེ་ཏོག་དང་འདྲ་བར་ས་རྒྱུ་གཤིན་པོར་རྩ་བ་ཚུགས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ལག་ལེན་གྱི་ཁྲོད་ནས་སྐྱེད་སྲིང་བྱས་པའི་ནང་སྐྱེས་སྒུལ་ཤུགས་དེ་རིགས་ནི་བརྟན་ལ་ཕུགས་ཕན་ཞིག་ཡིན་པས། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྒུལ་ཤུགས་ཆེན་པོ་སྣོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།