རི་འགོག་དམག་འཁྲུག་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་བོད་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་པ།
ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ལོ་ངོ་80ཡི་གོང་། ཀྲུང་ཧྭའི་བུ་ཕྲུག་ཚོས་ལོ་14ཡི་རིང་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད་ཉེ་རབས་ཚུན་གྱི་ཕྱི་ཕྱོགས་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རྒྱལ་ཁ་ཐེངས་དང་པོ་རྦད་དེ་བླངས་པ་རེད། སྐབས་དེར་བོད་ལྗོངས་འདི་ཉིད་དམག་འཁྲུག་གི་མེ་ལྕེ་དང་རྒྱང་ཐག་རིང་མོད། བོད་རིགས་སྤུན་ཟླ་ཚོས་སྣང་མེད་ཁུར་མེད་དུ་མ་བསྡད་པར་འབྲོག་པ་ཚོས་ནོར་གནག་དེད་ནས་རི་བརྒལ་ཀླུང་བརྒྱབ་ཀྱིས་དམག་རྒྱགས་འབྲུ་གཟན་བསྐྱལ་བ་མ་ཟད། ད་དུང་བོད་རིགས་གཞོན་ནུ་མི་ཉུང་བ་ཞིག་དཔུང་སྡེ་དང་མཉམ་དུ་རི་འགོག་དམག་འཁྲུག་གི་གཡུལ་སར་བསྐྱོད་དེ་རྒྱལ་ཡོངས་ཀྱི་སྤུན་ཟླ་ཚོ་དང་མཉམ་དུ་མཚོན་ནགས་མདེལ་ཆར་ཁྲོད་འཐབ་འཛིང་དྲག་པོ་བྱས་ཡོད། སྐར་འོད་ཐར་ཐོར་སྐར་ཚོགས་སུ་གྱུར་ནས་ས་མཐོའི་མི་དམངས་ཀྱི་སེམས་པ་རྒྱལ་ཡོངས་རི་འགོག་དམག་འཁྲུག་དང་གཅིག་ཏུ་འབྲེལ། “ལེ་དབར་ཁྲི་སྟོང་བརྒལ་ཡང་སེམས་པ་གཅིག་ཏུ་བསྒྲིལ་ནས་ཁྱིམ་ཚང་དང་རྒྱལ་ཁབ་སྲུང་སྐྱོང་བྱེད་པའི”ལྷག་བསམ་ཟོལ་མེད་དེ་སྔ་ས་ནས་གངས་ལྗོངས་ས་མཐོར་བརྟན་པོར་ཚུགས་པའི་བསམ་པའི་རྡོ་རིང་ཞིག་ཏུ་གྱུར་ཡོད།
ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཤིང་། རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་སྲོག་ཤིང་གི་ཀ་རྟེན་དང་། ང་ཚོའི་བྱ་གཞག་ལ་འགོ་ཁྲིད་བྱེད་པའི་སྲོག་ཤིང་གི་སྟོབས་ཤུགས་ཤིག་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད། ཞི་བས་བཅིངས་འགྲོལ་གཏོང་སྐབས་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་ནས་དམངས་གཙོའི་བཅོས་སྒྱུར་བྱས་ནས་གནམ་སྒྱུར་ས་བརྗེས་ཀྱི་བར་དང་། དེ་ནས་ད་ཆའི“བསྐྱར་དར་རྟགས་ཅན”གངས་ལྗོངས་ས་མཐོར་བྱ་འཕུར་བ་ལྟར་སྐྱོད་པ་དང་གློག་དྲ་གྲོང་ཚོར་འབྲེལ་མཐུད་བྱས་པའི་བར། བོད་ཀྱི་མཆོང་སྐྱོད་རེ་རེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་བུ་ཕྲུག་གི་སྣེ་ཁྲིད་དེ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་བདེན་དཔང་ཞིག་རེད། རི་འགོག་དམག་འཁྲུག་གི་སྐབས་སུ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ”ནི་ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་ཐུན་མོང་ཐོག་འགོག་རྒོལ་བྱེད་པའི་ཡིད་ཆེས་ཀྱི་རྨང་གཞི་རེད་ལ། དུས་རབས་གསར་པར་གངས་ལྗོངས་མདུན་སྐྱོད་བྱེད་པའི་བསམ་པའི་ཕྱོགས་སྟོན་འཁོར་ལོ་ཞིག་དེ་བས་ཀྱང་རེད། རི་འགོག་དམག་འཁྲུག་གི་སྙིང་སྟོབས་ཁྲོད་ཀྱི་མཐུན་སྒྲིལ་གྱི་མེ་སོན་རྒྱུན་མཐུད་བྱས་ཚེ་ད་གཟོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ས་མཐོར་རྩ་བ་ཚུགས་ཐུབ།
སྙིང་སྟོབས་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་གཅིག་གྱུར་གྱི་ངར་ལྕགས་ལས་གྲུབ་པའི་ལྕགས་རི་རིང་པོར་སྲུང་སྐྱོབ་བྱས་ཤིང་། མིག་སྔར། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གྱི་ལྐོག་གཡོ་སྔར་བཞིན་མཚམས་མ་ཆད་པར་གནས་ཡོད། ཁོ་ཚོས“རིག་གནས་རྩ་མེད”གཏོང་བའི་རྫུན་གཏམ་བཟོ་བ་དང་། ཁ་ཕྲལ་གྱི་གཏམ་བརྗོད་འུད་སྒྲོག་བྱེད་པའི་ཐ་ཤལ་གྱི་བསམ་བློ་ནི་སྐབས་དེ་དུས་ཀྱི་ཀྲུང་གོ་ཁ་ཕྲལ་གཏོང་བའི་རེ་ངན་འཆང་མཁན་བཙན་འཛུལ་པ་དང་གཅིག་མཚུངས་རེད། རི་འགོག་དམག་འཁྲུག་གི་ལོ་ཟླར་ཕྱིར་མིག་བལྟས་ན། ཀྲུང་ཧྭའི་བུ་ཕྲུག་ཚོས“རི་ཆུ་དང་ཁྲག་དྲོན་གྱིས་སྲུང་བའི”ཞུམ་མེད་སྙིང་སྟོབས་ལ་བརྟེན་ནས་ཁྱིམ་གཞིས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་དང་། ད་ལྟའི་ཀྲུང་གོའི་ཁྲག་རྒྱུན་ནང་གི་མཐུན་སྒྲིལ་གྱི་གཞི་རྒྱུ་དང་འཐབ་རྩོད་ཀྱི་ལ་རྒྱ་ནི་སྔར་བཞིན་ཁ་ཕྲལ་ངན་ཇུས་རྡུལ་དུ་བརླགས་པའི་སྤུ་གྲི་ལྟ་བུ་རེད། ཁོ་ཚོའི་སྟོང་བསམ་རྩ་མེད་དུ་གཏོང་དགོས་ཚེ་སྔར་བཞིན་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པ་དང་། “ལོ་རྒྱུས་ལྔའི”གཏམ་རྒྱུད་ཡག་པོ་ཤོད་པ། གསོན་ཉམས་དོད་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས“རྒྱལ་ཁབ་ཀྱི་ལྟ་བ”དེ་བས་བརྟན་པོར་འཛུགས་པ་དང་། “མི་རིགས་ཀྱི་ལྟ་བ”དེ་བས་གསལ་པོར་རྟོགས་ཐུབ་པ་བྱས་ནས“རིག་གནས་ཀྱི་ལྟ་བ”དང་། “ལོ་རྒྱུས་ཀྱི་ལྟ་བ” “ཆོས་ལུགས་ཀྱི་ལྟ་བ”བཅས་དེ་བས་བརྟན་པོ་ཡོང་བ་བྱེད་དགོས་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་བས་ཀྱང་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཏན་ཏིག་བྱས་ནས་གངས་ལྗོངས་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པའི་ཟངས་གྱང་ལྕགས་རྩིག་ཏུ་འགྱུར་བར་བྱེད་དགོས།
འབད་འབུངས་མདུན་སྐྱོད་བྱས་ཏེ་བོད་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་རྩོམ་དགོས་ཤིང་། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་བློ་ལ་བརྟན་པོར་ངེས་ནས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། འགོ་ཚུགས་ས་གསར་པར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དེ་སྒུལ་ཤུགས་སུ་བསྒྱུར་ཏེ། ཞིང་འབྲོག་པའི་ཡོང་འབབ་དེ་བས་མང་དུ་གཏོང་བ་དང་མཐའ་མཚམས་གྲོང་ཚོ“བདེ་སྐྱིད་ཀྱི་བཙན་རྫོང”དུ་བསྐྲུན་ནས་ལས་རིགས་ཁག་ཚང་མར་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཐུབ་པ་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་ཐོག་མགྱོགས་མྱུར་མདུན་སྐྱོད་ཐུབ་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་ཐུབ།
འབྲེལ་ཡོད་གསར་འགྱུར།