གྲོང་ཁྱེར་དེ་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བར་བྱེད་དགོས།
“གྲོང་ཁྱེར་ནི་མི་དམངས་ཀྱི་གྲོང་ཁྱེར་རེད། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་གྲོང་ཁྱེར་འཛུགས་སྐྲུན་ལ་རྩ་བའི་ཁ་ཕྱོགས་གསལ་སྟོན་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལྟེ་བའི་དོན་སྙིང་གཏིང་ཟབ་གསལ་སྟོན་གནང་ཡོད། གྲོང་ཁྱེར་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་ལ། མི་སེར་ལས་བརྩོན་བདེ་འཁོད་ཀྱི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཀྱང་ཡིན། བོད་ཀྱི་ངོས་ནས་བརྗོད་ན། མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་རྒྱུ་ནི་དུས་རབས་ཀྱི་ལས་འགན་ལྕི་པོ་ཞིག་ཡིན་ལ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་སྐོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན།
ཉེ་བའི་ལོ་ཤས་རིང་། བོད་ལ་གྲོང་ཁྱེར་འཛུགས་སྐྲུན་ཁྱབ་ཁོངས་སུ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཡོད་ཅིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གྲོང་ཁུལ་ཁག་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། གཞུང་ལམ་དང་ཟམ་པ་འཕྲེད་གཞུང་སྣོལ་མར་གནས་ཏེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒྲོམ་གཞི་དེ་བས་ཆེ་རུ་ཕྱིན་ཡོད། ཁྲོམ་གཞུང་རྙིང་པ་སྒྱུར་བཀོད་དང་གྲོང་སྲིད་དོ་དམ་དྲ་བ་རིམ་སྤོར་གྱིས་གྲོང་མིའི་འཚོ་བའི་དཀའ་གནད་ཐག་གཅོད་བྱས་ནས། གྲོང་ཁྱེར་ནང་ངོས་ཀྱི་སྒྲིག་ཆས་དེ་བས་ལེགས་སུ་དང་འཚོ་བ་དེ་བས་སྟབས་བདེ་རུ་ཕྱིན་པས། མི་སེར་ཚོའི་འཛུམ་མདངས་ནི་བདེན་དཔང་ཡག་ཤོས་སུ་གྱུར་ཡོད། དམངས་འཚོ་འགན་སྲུང་ཐད་བོད་ཀྱིས་གྲོང་མིའི་སྡོད་གནས་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་ཞིང་། 2023ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་35ལ་སྒྱུར་བཀོད་བྱས་ནས། དུད་ཚང་2865ཡི་གྲོང་མི་8632“རྙིང་ཞན་ཆུང”གསུམ་གྱི་སྡོད་ཁང་ནས་གནས་འཕྲོད་ཁྱིམ་གཞིས་སུ་སྤོས་པས། འཚོ་བའི་སྤུས་ཚད་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཐད་འགྱིག་བལ་གྲོང་ཁྱེར་གྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། འོག་དམའི་སྤང་ལྗོངས་དང་ཆར་ཆུའི་མེ་ཏོག་ལྡུམ་ར་གོ་རིམ་ལྡན་པའི་ངང་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། ཆར་ཆུ་བསྡུ་རུབ་བེད་སྤྱོད་དང་བཞུར་རྒྱུན་ཚོད་འཛིན་བྱས་པས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལྗོངས་ཡོངས་སུ་སྤྱི་གླིང་229གང་སར་ཁྱབ་ནས། གྲོང་ཁྱེར་གྱི་འཛུགས་སྐྲུན་ཁུལ་སྔོ་ལྗང་ཅན་དུ་འགྱུར་ཚད་38.6%ཟིན་པས། ལྗང་མདོག་ནི་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་པའི་རང་མདངས་ཤིག་ཏུ་གྱུར་ཡོད། རིག་གནས་རྒྱུན་འཛིན་ཐད་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་ཀྱིས་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་དེང་རབས་གྲོང་ཁྱེར་འཛུགས་སྐྲུན་ནང་མཉམ་འདྲེས་བྱས་ནས། ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་ལས་སླར་ཡང་གསོན་ཤུགས་གསར་པ་རྒྱས་པར་བྱེད་པ་དང་། གནའ་དེང་ཞི་མཐུན་མཉམ་གནས་ཡོང་བར་བྱས་པས་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ཤེས་རིག་གི་འཕེལ་རྒྱུན་རྒྱུན་མཐུད་བྱུང་ཡོད།
དུས་རབས་གསར་པར། བོད་ཀྱི་གྲོང་ཁྱེར་འཛུགས་སྐྲུན་དེ“འགྱུར་ལྡོག་ལྔའི”གོམ་སྟབས་དང་དམ་པོར་བསྟུན་དགོས་ཤིང་། འདུ་ཤེས་ཐད་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས་མི་ཆོས་ལྡན་པའི་སེམས་ཁུར་དེ་གྲོང་ཁྱེར་གྱི་ཕྱོགས་གང་སར་ཁྱབ་པར་བྱེད་དགོས། བྱེད་སྟངས་ཐད་ལེགས་བསྡུས་ནུས་ཆེ་དོན་གཉེར་གྱིས་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱས་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཐུབ་པར་བྱེད་དགོས། སྒུལ་ཤུགས་ཐད་ཁྱད་ཆོས་སྔོག་འདོན་དང་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་གྲོང་ཁྱེར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་དགོས། གཙོ་གནད་ཐད་བཅོས་སྐྱོང་ལ་མཐོང་ཆེན་གྱིས་དོ་དམ་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་གྲོང་ཁྱེར་འཁོར་རྒྱུག་གོ་རིམ་ལྡན་པར་བྱེད་དགོས། བྱ་ཐབས་ཐད་སྡེ་ཚན་གྱི་བཀག་རྒྱ་གཏོར་ནས་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། རྨང་གཞི་དེའི་ཐོག་གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་ལྡན། ཤེས་དཔལ། རིག་ལྡན་བཅས་ཀྱི་གྲོང་ཁྱེར་ཧུར་ཐག་སྐྲུན་དགོས། གསར་གཏོད་ལ་བརྟེན་ནས་གསོན་ཤུགས་འཕེལ་བར་བྱེད་པ་དང་། གནས་འཕྲོད་ལ་བརྟེན་ནས་དམངས་འཚོ་ལེགས་སུ་གཏོང་བ། མཛེས་སྡུག་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ། མཉེན་གཤིས་ལ་བརྟེན་ནས་ཉེན་ཁ་འགོག་སྲུང་བྱེད་པ། ཤེས་དཔལ་ལ་བརྟེན་ནས་རིག་གནས་རྒྱུན་འཛིན་བྱེད་པ། རིག་ལྡན་ལ་བརྟེན་ནས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
གྲོང་ཁྱེར་གྱི་སྐྱིད་ཉམས་ནི་ཚལ་ཁྲོམ་གྱི་མི་ཚོགས་ཁྲོད་ནས་མངོན་ཐུབ་ལ། དྲག་ཆར་བབས་ཀྱང་ཆུ་མི་འཁྱིལ་བའི་གཞུང་ལམ་དང་སྲང་ལམ་རྙིང་པ་ནས་གྲགས་པའི་འབོད་སྒྲའི་ཁྲོད་ནས་མངོན་ཐུབ། རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་ལས་དོན་ཚོགས་འདུའི་ཐོག་བརྗིད་ཆེའི་འཆར་གཞི་བཀོད་ནས་གྲོང་ཁྱེར་འདི་ཉིད་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཞིག་ཏུ་འགྱུར་བར་བྱེད་དགོས། རེ་འདོད་དེ་མངོན་འགྱུར་བྱེད་པར་འཛུགས་སྐྲུན་པ་དང་དོ་དམ་པས་ངང་རྒྱུད་རིང་པོ་དང་བརྩེ་བ་ཆེན་པོས་གྲོང་ཁྱེར་གྱི་ཞིབ་ཕྲའི་གནས་ཚུལ་འཆར་འགོད་བྱེད་དགོས་ལ། མི་ཚང་མ་ཧུར་ཐག་ཞུགས་ནས་ཁོར་ཡུག་ལ་གཅེས་སྤྲས་དང་སྒྲིག་ལམ་སྲུང་སྐྱོང་ཡང་བྱེད་དགོས། ང་ཚོས་ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་ཀྱིས་མཛེས་སྡུག་ལྡན་པའི་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་བྱས་ཏེ། བོད་ཀྱི་གྲོང་ཁྱེར་དག་བདེ་སྐྱིད་ལྡན་པའི་འཚོ་བའི་བརྟེན་ས་བརྟན་པོ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་འགྱུར་བ་དང་། ས་མཐོའི་ས་ཆ་སྦར་མཐིལ་ཙམ་ལའང་བདེ་སྐྱིད་ཀྱི་འོད་སྣང་འཕྲོ་བར་བྱས་ནས་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་མཉམ་དུ་བསུ་དགོས།
འབྲེལ་ཡོད་གསར་འགྱུར།