རྒྱལ་ཁབ་སྟོབས་ཆེན་ཡོང་བར་ངེས་པར་དུ་སྔོན་ལ་ཞིང་ལས་སྟོབས་ཆེན་ཡོང་བར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་སྟོབས་ཆེན་དགོས་ན་ངེས་པར་དུ་ཞིང་ལས་སྟོབས་ཆེན་དགོས་པ་དང་། ཀྲུང་གོ་མཛེས་སྡུག་ལྡན་པ་ཡོང་དགོས་ན་ངེས་པར་དུ་གྲོང་གསེབ་མཛེས་སྡུག་ལྡན་པ་ཡོང་དགོས་ཞེས་གསུངས་ཡོད། དེ་ཐོག་ནས་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གཞི་རྩའི་རང་བཞིན་གྱི་གནད་དོན་ཡིན་པས། ངེས་པར་དུ“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས་པ་གསལ་བཤད་གང་ལེགས་བྱས་ཡོད། “ཞིང་གསུམ”ལས་དོན་ནི་རྒྱལ་དམངས་དཔལ་འབྱོར་བརྟན་པོ་ཡོང་བའི་རྩ་བ་དང་། གཞི་རིམ་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་ལེན་ཡིན། ཏང་ཀྲུང་དབྱང་གིས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་འདོན་དོན་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཞན་ཆ་ཆེ་ཤོས་ཞིང་ལས་དང་གྲོང་གསེབ་ཏུ་གནས་ཡོད་པ་གསལ་པོར་མཐོང་བས་ཡིན།
ཞིང་ལས་ངེས་པར་དུ་སྟོབས་ཆེན་དགོས། ཞིང་ལས་ནི་རྒྱལ་དམངས་ཀྱི་ཆགས་ས་རྟེན་ས་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ཞིང་། དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་མི་དམངས་ཀྱི་བདེ་རྩ་དང་ཐད་ཀར་འབྲེལ་བ་ཡོད། དེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། རང་རྒྱལ་ནི་ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་རྨོ་ཞིང་གི་་9%ཡིས་འཛམ་གླིང་མི་འབོར་གྱི་20%ཙམ་གསོ་ཡི་ཡོད། འབྲུ་རིགས་འགན་ལེན་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་བདེ་འཇགས་བརྟན་པོ་ཡོང་བར་བྱེད་པ་ནི་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་ཡིན་པའི་ལས་འགན་ཐོག་མ་ཡིན་པ་དང་། ཞིང་ལས་དར་རྒྱས་དགོས་ན་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་པ་དང་། སྐྱེ་ཁམས་ཐཱན་ཉུང་གི་ཞིང་ལས་འཕེལ་རྒྱས་གཏོང་བ། སོ་ནམ་ཤེས་དཔལ་དར་རྒྱས་གཏོང་བ། འབྲུ་རིགས་ཀྱི་ཐོན་ནུས་ཆེ་རུ་བཏང་ནས། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་སྲུང་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་ཞིང་པའི་ཁེ་སྤོགས་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
གྲོང་གསེབ་ངེས་པར་དུ་མཛེས་སྡུག་ལྡན་པར་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་དང་། ཚན་རྩལ་ཡར་ཐོན། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་གྲོང་གསེབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། གྲོང་གསེབ་མཛེས་སྡུག་ལྡན་པ་ནི་ཁོར་ཡུག་དང་། མི་ཆོས་རིག་གནས། སེམས་ཁམས། ཡུལ་སྲོལ་གོམས་འདྲིས། གྲོང་ཚོའི་རྣམ་པ་བཅས་ལས་བྱུང་བ་ཞིག་རེད། གསང་སྤྱོད་གསར་བརྗེ་དང་ཞིང་ཁྱིམ་གྱི་སྒོ་ར་ཆུང་ངུའི་དཔལ་འབྱོར་ལས་གྲོང་གསེབ་ཀྱི་སྐྱེ་ཁམས་ལེགས་སུ་ཕྱིན་པ་མ་ཟད། ཞིང་པའི་འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད། དྲ་སྦྲེལ་ལ་བརྟེན་པས་གྲོང་གསེབ་ཀྱི་མཛེས་པ་གང་ལེགས་མངོན་ཐུབ་ཡོད། ང་ཚོས་གསེར་མདོག་གི་གྲོ་ཞིང་དང་། འབྲས་བུ་བྱུར་བུར་བཏགས་པའི་ཤིང་འབྲས་ལྡུམ་ར། སྔོ་ལྗང་གི་རི་ཆུ། གཙང་སྦྲ་དོད་པའི་ཁྲོམ་གཞུང་། ཁོད་སྙོམས་པའི་ལམ་བུ། ཐུན་མིན་གྱི་བཀོད་པས་བརྒྱན་པའི་ཞིང་ཁྱིམ་སྒོ་ར་དང་འབྲོག་ཁྱིམ་སྒོ་ར་སོགས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་དེ་བས་ལེགས་སུ་ཕྱིན་ནས་བདེ་སྐྱིད་ལྡན་པའི་ཀྲུང་གོའི་མཛེས་རིས་ཤིག་ཟམ་མི་ཆད་པར་འགོད་བཞིན་མཆིས།
ཞིང་པ་ངེས་པར་དུ་ཕྱུག་པོ་ཆགས་པར་བྱེད་དགོས། རང་རྒྱལ་ནི་ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་ཞིང་པའི་ཚོགས་སྤྱིས་རྒྱལ་ཡོངས་ཀྱི་མི་འབོར་བསྡོམས་འབོར་ཁྲོད་བསྡུར་ཚད་ཆེན་པོ་བཟུང་བ་དེ་ཐོག་ནས་རྒྱལ་ཁབ་ཕྱུག་པོ་དང་མི་དམངས་ཕྱུག་པོ་གཉིས་མཉམ་འདྲེས་མཉམ་གནས་ཡིན་པ་གཏན་འཁེལ་བྱས་ཡོད། རྒྱལ་ཁབ་ཕྱུག་པོ་ནི་མི་དམངས་ཕྱུག་པོ་ཡོང་བའི་འགན་ལེན་ནུས་ལྡན་ཞིག་དང་མི་དམངས་ཕྱུག་པོ་ནི་རྒྱལ་ཁབ་ཕྱུག་པོ་ཡོང་བའི་རྨང་གཞི་བརྟན་པོ་ཞིག་ཡིན། ཞིང་པ་ཕྱུག་པོ་མེད་པའི་རྒྱལ་ཁབ་ཕྱུག་པོ་ནི་རྒྱུན་མཐུད་ཐུབ་པའི་ཕྱུག་པོ་ཞིག་མིན། འབྱོར་འབྲིང་ལ་སླེབས་མིན་གྱི་འགག་རྩ་དེ་ཡུལ་མི་སྤུན་མཆེད་ལ་ཐུག་ཡོད། ཞིང་པ་དུང་ཕྱུར་ཁྲི་ཕྲག་ཕྱུག་པོ་དང་འབྱོར་འབྲིང་དུ་སླེབས་ཚེ་གཞི་ནས་ཀྲུང་གོ་མི་དམངས་ཡོངས་ཀྱི་འབྱོར་ཕྱུག་དང་འབྱོར་འབྲིང་མངོན་འགྱུར་ཐུབ་པ་དང་། གཞི་ནས་དོན་ངོ་མའི་ཐོག་གི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིཌ་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཐུབ། ང་ཚོས་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་འབྲུ་རིགས་ཐོན་སྐྱེད་ལ་འཕེལ་རྒྱས་གཏོང་བ་གཉིས་ཟུང་འབྲེལ་ནུས་ལྡན་བྱས་ནས། “ཞིང་གསུམ”ལ་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཚན་རིག་ལག་རྩལ་ལ་བརྟེན་ནས་དེང་རབས་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་ཐུབ་པའི་འགན་ལེན་བྱེད་དགོས།