བསམ་བློའི་ཐད་རང་ཚུགས་རང་བདག་ཡོང་བར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཁབ་གང་ཞིག་དང་མི་རིགས་གང་ཞིག་ཡིན་རུང་རང་ཉིད་ཀྱི་བསམ་བློ་རིག་གནས་ལ་གཅེས་སྤྲས་མི་བྱེད་པར་བསམ་བློ་རིག་གནས་ཞེས་པའི་བླ་སྲོག་དེ་བསྐྱུར་ཚེ་རྒྱལ་ཁབ་དེ་དང་མི་རིགས་དེ་བརྟན་པོར་ཚུགས་མི་ཐུབ། བསམ་བློའི་ཐད་རང་ཚུགས་རང་བདག་ཡོང་བ་དང་རིག་གནས་ཀྱི་གདེང་ཚོད་ཆེན་པོ་ལྡན་པའི་མི་རིགས་ཤིག་ཡིན་ཚེ་གཞི་ནས་བརྟན་པོར་ཚུགས་ཐུབ་པ་དང་། བརྟན་པོར་ལངས་ཐུབ་པ། རྒྱང་རིང་ལ་བསྐྱོད་ཐུབ་པ་བཅས་བྱེད་ཐུབ།
བསམ་བློའི་ཐད་ཀྱི་རང་ཚུགས་རང་བདག་ནི་རྒྱལ་ཁབ་དང་མི་རིགས་རང་ཚུགས་རང་དར་ཡོང་བའི་ཀ་བ་ལྟ་བུ་ཞིག་ཡིན་ཞིང་། དེ་ཡང་མི་ཞིག་དང་འདྲ་བར་གལ་ཏེ་རང་ཉིད་ཀྱི་རང་ཚུགས་ཐུབ་པའི་བསམ་ཚུལ་དང་ལྟ་ཚུལ་མེད་ཚེ་ཆུ་སྣ་གར་ཁྲིད་ལྟར་གཞན་གྱིས་རྗེས་སུ་འབྲངས་སླ་པོ་ཡོད། རྒྱལ་ཁབ་དང་མི་རིགས་ཤིག་ལ་ཆ་མཚོན་ནའང་དེ་ལྟར་རེད། གལ་ཏེ་བསམ་བློའི་ཐད་རང་ཚུགས་རང་བདག་བྱེད་མ་ཐུབ་ཚེ། ཆབ་སྲིད་དང་། བསམ་བློ། རིག་གནས། ལམ་ལུགས་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་ཁྱད་ཆོས་དང་ཁ་ཕྱོགས་ཤོར་སླ་ལ། ཕྱི་རོལ་ཕྱོགས་གཏོགས་ཀྱི་ཤུགས་རྐྱེན་ཡང་ཐེབས་སླ་པོ་ཡོད།
བསམ་བློའི་ཐད་རང་ཚུགས་རང་བདག་ཐུབ་པར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ཡོད་དགོས། མར་ཁེ་སི་རིང་ལུགས་ནི་དཀར་གསལ་སྒྲོན་མེ་ཞིག་དང་འདྲ་བར་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོ་བས་མར་ཁེ་སི་རིང་ལུགས་ཤེས་པ་ནས་བཟུང་བསམ་བློའི་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ནས། མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཐོག་གི་ཆེས་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས་ཏེ། ཡར་ལངས་པ་དང་། ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་ཆགས་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་པ་དང་། ཀྲུང་གོ་བའི་གདེང་ཚོད་དང་སྤོབས་སེམས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། དེང་སྐབས་འཛམ་གླིང་ཐོག་སྲིད་ཏང་གང་ཞིག་དང་། རྒྱལ་ཁབ་གང་ཞིག མི་རིགས་གང་ཞིག་བཅས་ལ་གདེང་ཚོད་ལྡན་ནམ་ཟེར་ན། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་བཅས་ལ་གདེང་ཚོད་བྱེད་པའི་རྒྱུ་མཚན་ཆེ་ཤོས་དེ་ལྡན་ཡོད།
བསམ་བློའི་ཐད་རང་ཚུགས་རང་བདག་ཡོང་བར་བྱེད་པར་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དགོས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལེགས་གྲུབ་ལྡན་པའི་འགྲོ་ལམ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རང་ཚུགས་རང་བདག་ལ་བརྟེན་ནས་འཚོལ་ཞིབ་དང་གསར་གཏོད་བྱས་པ་ཞིག་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོའི་ལེའུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལག་ལེན་བྱས་པ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་ར་འཕྲོད་གང་ལེགས་ཐུབ་ཡོད་པས། དེ་དག་ཚང་མ་ལས་བདེན་རྫུན་གོ་ལྡོག་མི་ཐུབ་པའི་གནས་ལུགས་ཤིག་གསལ་བཤད་ཐུབ་པ་སྟེ། ཀྲུང་གོའི་གནད་དོན་དེ་ངེས་པར་དུ་ཀྲུང་གོའི་གཞི་རྩའི་རྒྱལ་བབ་ནས་འགོ་བཙུགས་ཏེ་ཀྲུང་གོ་བ་རང་ཉིད་ཀྱིས་ལན་འདེབས་དགོས་པ་དེ་རེད། ད་ལྟའི་དུས་རབས་འདིར། བསམ་བློ་དང་རིག་གནས་སྣ་ཚོགས་ཕན་ཚུན་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། བསམ་བློའི་ཐད་རང་ཚུགས་རང་བདག་ཡོང་བར་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད། ང་ཚོ་མི་ཚང་མས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ་ནོར་འཁྲུལ་གྱི་བསམ་བློས་ལོག་ལམ་དུ་མི་ཁྲིད་པ་བྱེད་དགོས། ང་ཚོ་མི་དམངས་ཡོངས་ཀྱིས་བསམ་བློའི་ཐད་རང་ཚུགས་རང་བདག་བྱས་ཚེ་ང་ཚོའི་རྒྱལ་ཁབ་འདི་ཉིད་གཞི་ནས་འཛམ་གླིང་གི་གར་སྟེགས་ཐོག་རྐང་པ་དེ་བས་བརྟན་པོར་འཛུགས་ཐུབ་སྟེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ།