ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་དེང་རབས་ཅན་ཞིག་རེད།
ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་དང་ལྡོག་མེད་ཀྱི་གདམ་ག་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་གསུངས་ཡོད། དེས་རང་རྒྱལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་ནི་རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། ཞི་བདེའི་འཕེལ་རྒྱས་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་ཡིན་ལ། དུས་ཀྱི་འཁོར་ཕྱོགས་དང་དམངས་སེམས་ཀྱི་གཏད་ཕྱོགས་ཀྱང་རེད། ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་། འགན་སྲུང་གལ་ཆེན། འདེགས་སྐྱོར་ནུས་ལྡན་བཅས་ཡིན་ལ། རང་རེའི་ཏང་གིས་དུས་རབས་གསར་པའི་འཛམ་གླིང་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་ཏང་གི་ལྟེ་བའི་ལས་འགན་ལ་གཞིགས་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཀྱང་ཡིན་པས། དེ་ལས་རང་རེའི་ཏང་གི་འཛམ་གླིང་ལ་ལྟ་བའི་མིག་རྒྱང་རིང་པོ་དང་བདེན་པའི་སྟོབས་ཤུགས་ཆེན་པོ་མངོན་གྱི་ཡོད།
ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་སྐྱོང་བ་ཞིག་རེད། ཀྲུང་ཧྭ་མི་རིགས་ནི་གནའ་སྔ་མོ་ནས་བཟུང་ཞི་བདེར་དགའ་བའི་མི་རིགས་ཤིག་ཡིན་ཞིང་། “རྒྱལ་མང་མཐུན་འགྲིག”དང་། “མཚེས་མཐུན་འགྲོགས་འདྲིས་ལྡན་པ་ནི། རྒྱལ་ཁབ་ཅིག་གི་མཆོག་ནོར་ཡིན” “རྒྱལ་ཁབ་ཇི་ལྟར་ཆེ་ན་ཡང་། འཐབ་ལ་དགའ་ན་འཇིག་པར་ངེས” “རང་གིས་མི་འདོད་བྱ་བ་དེ། གཞན་ལ་སྒྲུབ་ཏུ་འཇུག་མི་རུང” ཞེས་པ་སོགས་ཞི་བདེ་མཉམ་གནས་ཀྱི་བསམ་བློར་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད། “འཆམ་མཐུན་རྩ་བའི་རྩེ་མོར་འཛིན་པ”དང“བསྟུན་ཀྱང་གཅིག་མཚུངས་མི་བྱེད་པ”སོགས་ཀྱི་འདུ་ཤེས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་དུ་འཕགས་པའི་བསམ་བློའི་ཀུན་སྤྱོད་ཅིག་རེད། འཕེལ་རྒྱས་ཀྱི་ཚད་གཞི་གང་འདྲ་ཞིག་ཏུ་སླེབས་རུང་། ཀྲུང་གོས་ནམ་ཡང་བཙན་པོ་དབང་ཡོད་མི་ཤོད་པ་དང་ནམ་ཡང་རྒྱ་སྐྱེད་མི་གཏོང་བར། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་ཀྱི་ཡོད།
ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་དགོས་མཁོ་རེད། ཞི་བདེ་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་དར་རྒྱས་ཡོང་བར་ཞི་བདེའི་འཕེལ་རྒྱས་ཀྱི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། དེང་གི་འཛམ་གླིང་དུ་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ཉིན་བཞིན་ཟབ་ཏུ་ཕྱིན་ནས་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་དང་། དར་ན་མཉམ་དར་དང་རྒུད་ན་མཉམ་རྒུད་ཀྱི་ཁེ་ཕན་གྱི་རྣམ་པ་ཞིག་ཆགས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཞི་བདེ་དང་། དར་རྒྱས། བདེ་འཇགས། བརྟན་ལྷིང་བཅས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ཅིག་དགོས། ཞི་བདེ་དང་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཀྲུང་གོའི་འཕེལ་རྒྱས་ནི་ཞི་བདེ་མཛའ་མཐུན་ཡིན་པ་ལས་རྒྱ་སྐྱེད་འཕྲོག་བཅོམ་མིན་པ་ཚོར་དུ་བཅུག་ན། འཕེལ་རྒྱས་ཀྱི་ཁོར་ཡུག་ཉིན་རེ་བཞིན་ལེགས་སུ་འགྲོ་བ་དང་འཕེལ་རྒྱས་ཀྱི་འགལ་རྐྱེན་ཡང་ཉིན་རེ་བཞིན་ཆུང་དུ་འགྲོ་ངེས་རེད།
ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པ་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡིན། ཞི་བདེའི་འཕེལ་རྒྱས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོན་ཆེན་ཞིག་ཡིན་ལ་རྒྱལ་ཁབ་ཁག་ཐུན་མོང་གི་འགན་འཁྲི་ཞིག་ཀྱང་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་དང་དཔལ་འབྱོར་གྱི་སྤྱི་འབོར་ཆེ་བའི་དེང་རབས་ཅན་ཞིག་ཡིན་པས། ཀྲུང་གོའི་འཕེལ་རྒྱས་དང་བདེ་འཇགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་བསྐྲུན་ཡོད་ལ། འཛམ་གླིང་ལ་ངེས་གཏན་རང་བཞིན་དང་བརྟན་ལྷིང་རང་བཞིན་ཡང་ཆེ་ཤོས་མཁོ་འདོན་བྱས་ཡོད། རང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ“འཛམ་གླིང་ཡག་པོ་བྱུང་ན་ཀྲུང་གོ་གཞི་ནས་ཡག་པོ་ཡོང་ཐུབ་པ་དང་། ཀྲུང་གོ་ཡག་པོ་བྱུང་ན་འཛམ་གླིང་དེ་བས་ཡག་ཏུ་འགྲོ་ཐུབ་པ”མཐའ་འཁྱོངས་བྱས་ཏེ། སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་འཛུགས་སྐྱོང་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་ཐོག་མཐའ་བར་གསུམ་དུ་བྱས་ཏེ། མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་ང་ཚོས་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པ་བརྒྱུད་རང་ངོས་འཕེལ་རྒྱས་གཏོང་བ་མ་ཟད། རང་ངོས་འཕེལ་རྒྱས་གཏོང་བ་བརྒྱུད་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ཡང་བྱས་ནས། འཛམ་གླིང་གི་ཡར་ཐོན་སྟོབས་ཤུགས་མཐའ་དག་དང་མཉམ་དུ་མདུན་སྐྱོད་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ནས། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་རྒྱུན་ཆད་མེད་པར་སྐྱེས་སུ་འབུལ་ཐུབ་ངེས་རེད།