ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་གལ་ཆེ་ཤོས་ནི་དམངས་འཚོ་ཡིན།
རྒྱལ་ཁབ་སྐྱོང་བར་དམངས་ཕན་རྩ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་གལ་ཆེ་ཤོས་ནི་དམངས་འཚོ་ཡིན། ཏང་དང་སྲིད་གཞུང་གི་ལས་དོན་མཐའ་དག་མི་སེར་ཚོ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཆེད་དུ་ཡིན”ཞེས་གསུངས་ཡོད། རྣམ་བཤད་གལ་ཆེན་དེས། ཚན་རིག་དང་མཐུན་པའི་སྒོ་ནས་ང་སུ་ཡིན་པ་དང་། སུའི་ཆེད་དུ་ཡིན་པ། སུར་བརྟེན་དགོས་པ་བཅས་ཀྱི་རྩ་བའི་གནད་དོན་ལ་ལན་བཏབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་གང་ལེགས་མངོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པ་དང་འབད་འཐབ་ཀྱི་དམིགས་ཡུལ་གསར་པར་ཕྱོགས་ཏེ་མདུན་སྐྱོད་བྱེད་པར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་འབྲས་བུ་དམངས་དང་མཉམ་སྤྱོད་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བར་བྱས་ཏེ། དེ་བས་མང་བ་དང་དེ་བས་དྲང་སྙོམས་ངང་དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས།
འཕེལ་རྒྱས་ནི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་སྤུས་ཚད་མཐོ་བའི་འཚོ་བ་བཏོད་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་ཐུབ། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ནས་ན་ནིང་གི་སྒོར་དུང་ཕྱུར་2400བར་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་འཕར་ཚད་ལོ་མང་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུ་རྒྱུན་འཁྱོངས་ཐུབ་ནས། ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་ལམ་བུ་གསར་པ་ཞིག་བཏོད་དེ་དམངས་འཚོ་འགན་ལེན་དང་ལེགས་གཏོང་ལ་རྨང་གཞི་བརྟན་པོ་བཏིང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལས་དོན་ཁག་ནང་ཁྱབ་པར་བྱེད་པ་དང་། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”རྒྱུན་མཐུད་ལག་ལེན་བསྟར་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་གཏོང་བ་བཅས་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཆུ་ཟོམ་ནས་ཆུ་ཀ་ལ་དང་། སྣུམ་བཞུ་ནས་གློག་སྒྲོན། སེག་ལམ་ནས་སྣུམ་ནག་ལམ། སྦྲ་གུར་ནས་རྫ་གཡམ་ཐོག་ཅན་གྱི་ཁང་པ་བཅས་ཀྱི་བར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། འཐུང་ཆུ་དཀོན་པ་དང་། གློག་སྤྱོད་དཀའ་བ། འགྲོ་སྐྱོད་དཀའ་བ། འཕྲིན་གཏོང་དཀའ་བ། སྡོད་ཁང་ཡག་པོ་མེད་པ། ཕྱུག་འགྱུར་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་སྟེ། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ཀྱི་སྟོན་གྲངས་ལོ་མང་རིང་99%ཡན་ཟིན་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་མཐའ་ཚད་མེད་པར་རྒྱུན་ཆད་རྒྱུ་མེད་པའི་འགོ་འཛུགས་ས་གསར་པ་ལས་མ་འདས། མིག་སྔར་བོད་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་ཀྱི་དུས་སུ་སླེབས་ནས་ཆབ་སྲིད་ཀྱི་ལེགས་ཆ་དང་། སྲིད་ཇུས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ། མི་འབོར་གྱི་ལེགས་ཆ། རྗེས་ཐོན་གྱི་ལེགས་ཆ་བཅས་མཉམ་དུ་འདོན་གྱི་ཡོད་པས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་རྒྱུན་སྲིང་ལྷོད་མེད་ངང་འཛུགས་གཏོད་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་རྨང་གཞི་དེ་བས་བརྟན་ལ་ཏན་ཏིག་ཡོང་བར་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབ་སར་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་དོན་དངོས་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་དགོས། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་ལས་དོན་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས་དངོས་ཡོད་ཀྱི་ཆ་རྐྱེན་འོག་སྒྲུབ་ཐུབ་པའི་བྱ་བ་ནས་སྒྲུབ་པ་ལས། འཕེལ་རྒྱས་ཀྱི་དུས་རིམ་དང་ནོར་ཤུགས་ཀྱི་ཆུ་ཚད་ལས་བརྒལ་བའི་བྱ་བ་མི་སྒྲུབ་པ། ཁྱོན་ཡོངས་ལ་ཁྱབ་རྒྱུ་མཐའ་འཁྱོངས་དང་གཞི་རྩའི་འགན་སྲུང་མངོན་གསལ་དོད་པོ་ཡོང་བར་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྙིང་རུས་ལྷོད་མེད་ཀྱིས་དམངས་འཚོ་འགན་སྲུང་གི་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་ལ་མཐོང་ཆེན་དང་སྤྱི་ཚོགས་ཀྱི་ཕྱོགས་ཁག་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱས་ཏེ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་གྱི་ཁ་ཕྱོགས་དེ་མང་ཚོགས་རང་ངོས་ཀྱི་འབད་འཐབ་དང་ཟུང་འབྲེལ་བྱེད་པ་དང་། ཚད་གཞི་ཆེ་ཤོས་ཀྱི་ཐོག་ནས་མི་རིགས་ཁག་མང་ཚོགས་ཀྱི་འབད་འཐབ་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་གཏིང་ཤུགས་སྐོང་འཐེན་བྱེད་པ། དམངས་ཀྱི་བློ་གྲོས་འཕེལ་བ་དང་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་མི་དམངས་ཡོངས་ཀྱིས་རང་ནུས་གང་ཡོད་འདོན་པ་དང་སོ་སོར་འཚམ་པའི་ལས་གནས་རེ་ཐོབ་པར་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས།