དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་དགོས།
ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས་གཞོན་ནུ་ཚོར་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་ཕུགས་བསམ་ལྡན་པ་དང་། འགན་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་འདོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།
གཞོན་ནུ་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧྲིལ་པོའི་ཧུར་བརྩོན་ཆེ་ཤོས་དང་སྐྱེ་སྟོབས་ཀྱི་དཔལ་འབར་ཤོས་ཀྱི་སྟོབས་ཤུགས་ཤིག་ཡིན་པས། རྒྱལ་ཁབ་ཀྱི་རེ་བ་གཞོན་ནུར་བཅོལ་ཡོད་ལ། མི་རིགས་ཀྱི་འབྱུང་འགྱུར་ཡང་གཞོན་ནུར་བཅོལ་ཡོད། ལོ་བརྒྱ་ཡི་གོང་། གཞོན་ནུ་གསར་པ་ཁྱུ་གཅིག་གིས་མར་ཁེ་སི་རིང་ལུགས་ཀྱི་དགོངས་པའི་དཔལ་འབར་མཐོན་པོར་བཏེགས་ནས་དཀའ་སྡུག་ཆེ་བའི་ཀྲུང་གོ་རྙིང་པར་དཀའ་བ་ཆེན་པོས་མི་རིགས་བསྐྱར་དར་གྱི་མདུན་ལམ་འཚོལ་ཞིབ་བྱས་ཏེ། “རང་ཉིད་ཀྱི་ལང་ཚོར་བརྟེན་ནས་ལང་ཚོ་རྒྱས་པའི་ཀྲུང་གོ་སྐྲུན་པའི”རྒྱལ་གཅེས་རིང་ལུགས་ཀྱི་གཟི་བརྗིད་ཀྱི་ལེའུ་བརྩམས་ཡོད། ལོ་བརྒྱ་ཡི་རིང་། ཀྲུང་གོའི་གཞོན་ནུ་ཁག་དང་ཁག་གིས་རྒྱལ་ཁབ་སྟོབས་འབྱོར་དང་། མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་བཅས་མངོན་འགྱུར་བྱ་ཆེད་མུ་མཐུད་འབད་འཐབ་བྱས་པ་མ་ཟད། ཁོང་ཚོའི་ཕུགས་བསམ་ཁྲོད་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་ཆེད་ཐ་ན་ལང་ཚོའི་ཚེ་སྲོག་ཀྱང་སྐྱེས་སུ་ཕུལ་ཡོད། ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་སྐབས་མའོ་ཙེ་ཏུང་དགུང་ལོ་28དང་། ཀྲོའུ་ཨེན་ལེ་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་སྐབས་དགུང་ལོ་23 ཏེང་ཞའོ་ཕིང་ཡོ་རོབ་ཏུ་བཅའ་སྡོད་ཀྲུང་གོའི་ལོ་ཆུང་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པར་ཞུགས་སྐབས་དགུང་ལོ་18 དབྱང་ཅིང་ཡུས་སྐུ་གཤེགས་སྐབས་ལོ་35 ཀྲའོ་དབྱི་མན་སྐུ་གཤེགས་སྐབས་ལོ་31 ཅང་ཅེ་སྐུ་གཤེགས་སྐབས་ལོ་29 ཆིའུ་ཧྲའོ་ཡུན་སྐུ་གཤེགས་སྐབས་ལོ་26 ལེ་ཧྥུང་སྐུ་གཤེགས་སྐབས་ལོ་22 ཧོང་ཅི་ཀོང་སྐུ་གཤེགས་སྐབས་ལོ་21 ལིའུ་ཧུའུ་ལན་སྐུ་གཤེགས་སྐབས་ལོ་བཅོ་ལྔར་ཡང་སླེབས་མེད། འཇིག་རྟེན་འཕུར་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཟླ་བའི་ལྷ་མོ་ཚོགས་པ་དང་ལྷ་གྲུ་ཚོགས་པའི་རུ་མིའི་ཆ་སྙོམས་ལོ་ཚད་ནི་ལོ་33དང་བྱང་སྐར་སྤུན་བདུན་ཚོགས་པའི་རུ་མིའི་ཆ་སྙོམས་ལོ་ཚད་ནི་ལོ་35ཡིན། འདི་ལྟ་བུའི་གཞོན་ནུ་དཔའ་བོ་བགྲང་གིས་མི་ལངས་པ་ཡོད།
མི་རབས་གཅིག་ལ་མི་རབས་གཅིག་གི་རྒྱང་སྐྱོད་ཡོད་ལ། མི་རབས་གཅིག་ལ་མི་རབས་གཅིག་གི་འགན་འཁྲི་ཡང་ཡོད། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་རྣམས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པ་དང་། བྱས་རྗེས་བཞག་ནས་བྱ་གཞག་གཏོད་པའི་ཐོབ་དཀའ་བའི་མི་ཚེའི་གོ་སྐབས་འཕྲད་ཡོད་ལ་དུས་རབས་ཀྱི་ལས་འགན་ལྕི་པོའང་འཕྲད་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་རྒྱང་རིང་གི་ཕུགས་བསམ་ཆེན་པོ་འཛུགས་པ་དང་། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན། དུས་རབས་ཀྱི་འགན་འཁྲི་འཁུར་བ། འབད་འབུངས་ཡར་བརྩོན་བྱེད་ཕོད་པ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བ། ཀུན་སྤྱོད་ལ་ཞུན་བརྡར་བཅས་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལམ་བུ་དང་དཀའ་སྤྱད་ལས་གཏོད་ཀྱི་གར་སྟེགས་སུ་རྔུལ་ཆུ་བཏོན་ནས་གཞི་རིམ་དང་། ནུབ་རྒྱུད། མེས་རྒྱལ་གྱི་དགོས་མཁོ་ཆེ་བའི་ས་ཆ་བཅས་སུ་བསྐྱོད་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་རིང་ལང་ཚོའི་ཉམས་འགྱུར་མངོན་པ་དང་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་ཕུལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་རྩོམ་དགོས།