རང་རྒྱལ་གྱི་འོད་སྟོང་འཕྲོ་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ་ཞིག་རེད།
ཀྲུང་ཧྭའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཀྲུང་ཧྭའི་ཤེས་དཔལ་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡོད། ལོ་ངོ་སྟོང་རིང་རྒྱུན་འཛིན་དང་དར་སྤེལ་བཏང་བའི་ཀྲུང་ཧྭའི་རིག་གནས་ནི་མི་རིགས་ཁག་གིས་ལོ་རྒྱུས་ཡུན་རིང་ཁྲོད་གསོག་འཇོག་དང་མི་རིགས་ཁག་གི་སྤུན་ཟླས་ཐུན་མོང་ཐོག་བཏོད་པ་ཞིག་ཡིན་པས་ང་ཚོ་ཚང་མའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།
ཀྲུང་ཧྭའི་རིག་གནས་ནི་མི་རིགས་ཁག་གི་རིག་གནས་ཀྱི་སྙིང་བཅུད་གཅིག་སྡུད་བྱས་པ་ཞིག་ཡིན་ཞིང་། ཐང་རྒྱལ་རབས་ཀྱི་སྙན་ངག་དང་། སུང་རྒྱལ་རབས་ཀྱི་སྙན་ཚིག ཡོན་རྒྱལ་རབས་ཀྱི་ཟློས་གར་བཅས་མཚོན་བྱེད་དུ་བྱས་པའི་རྩོམ་རིག་བརྩམས་ཆོས་དང་། གོང་མའི་ཕོ་བྲང་དང་། སུའུ་ལུགས་ཀྱི་སྐྱེད་ཚལ། མཁར་རྫོང་བཅས་མཚོན་བྱེད་དུ་བྱས་པའི་འཛུགས་སྐྲུན་མཚོན་རྟགས། སྐེད་རྔ་དང་། དབྱང་ཀོ་ཞབས་བྲོ། སྒོར་གཞས་བཅས་མཚོན་བྱེད་དུ་བྱས་པའི་དམངས་ཁྲོད་གླུ་གར་བཅས་ལས་མི་རིགས་ཁག་གི་རིག་གནས་དབར་གྱི་མཉམ་འདྲེས་དང་རང་སོ་སོའི་ཁྱད་ཆོས་མངོན་གྱི་ཡོད། ཀྲུང་ཧྭའི་རིག་གནས་ཀྱི་ལོ་རྒྱུས་རིང་ལ་གསོན་ཉམས་དོད་ཅིང་། མི་རིགས་ཁག་གི་རིག་གནས་ཀྱི་འོད་མདངས་ཕན་ཚུན་འཕྲོ་བཞིན་ཀྲུང་ཧྭའི་བུ་ཕྲུག་ཚང་མའི་ཁྲག་རྒྱུན་དུ་འདྲེས་ཡོད།
བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། “རོ་བཅུད་ཆེ་བའི་ནང་སའི་ཇ་ལོ་དེ་ནང་སའི་ས་གཞི་གཤིན་པོར་སྐྱེས་ཀྱི་ཡོད་ཀྱང་རོ་བཅུད་ལྡན་པའི་ཇ་ལོ་ལོངས་སུ་སྤྱོད་མཁན་དག་བོད་ཡུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད། ཇ་ལོས་གངས་ལྗོངས་དང་ནང་ས་གཉིས་དམ་པོར་འབྲེལ་ཡོད” “ནང་སའི་ཚོང་ཟོག་བོད་ཡུལ་དུ་ཕྱིར་ཚོང་བྱེད་པ་དེས་བོད་དུ་རྒྱུ་དངོས་མེད་པ་མཚོན་གྱི་མེད་ཅིང་། དེ་ལས་རྒྱ་བོད་གཉིས་ཀྱི་བློ་སེམས་གཅིག་མཐུན་གྱི་མཛའ་གྲོགས་བརྟན་པོ་མཚོན་གྱི་ཡོད”ཅེས་པའི་བསྟོད་བསྔགས་འདི་དག་ལས་རྒྱ་བོད་དབར་གྱི་མཛའ་བརྩེ་ཟབ་མོ་ཟིན་བྲིས་སུ་བཀོད་ཡོད། ད་ཆ་བོད་ལྗོངས་ས་གཞི་ཆེན་པོར་འཚོ་སྡོད་བྱེད་བཞིན་པའི་མི་རྣམས་ཀྱིས་རྒྱ་ཆས་དང་ཕྱི་ལུགས་པའི་གྱོན་ཆས་གྱོན་གྱི་ཡོད་པ་མ་ཟད། བོད་ཆས་ཀྱང་གྱོན་གྱི་ཡོད། རྩམ་པ་དང་ཚགས་ཤ་ཟ་གི་ཡོད་ལ། འབྲས་ཀྱང་ཟ་གི་ཡོད། དཔྱིད་གསར་དུས་ཆེན་དང་ཟླ་མཆོད་དུས་ཆེན་གཏོང་གི་ཡོད་ལ། བོད་ཀྱི་ལོ་གསར་དང་ཞོ་སྟོན་ཡང་གཏོང་གི་ཡོད། སྤྱི་སྐད་ཤོད་ཀྱི་ཡོད་ལ་བོད་སྐད་ཀྱང་ཤོད་ཀྱི་ཡོད་པས་བོད་མི་རིགས་ཀྱི་རིག་གནས་དང་ཀྲུང་ཧྭའི་མི་རིགས་ཁག་གི་རིག་གནས་ཞི་མཐུན་དམ་ཟབ་ཀྱིས་མཉམ་འདྲེས་བྱས་ཡོད།
ཀྲུང་ཧྭའི་རིག་གནས་ནི་སྡོང་པོ་དང་། མི་རིགས་ཁག་གི་རིག་གནས་ནི་ཡལ་འདབ་ལྟ་བུ་ཡིན་ཞིང་། རྩ་སྲ་སྡོང་པོ་རྒྱས་ན་གཞི་ནས་ཡལ་འདབ་རྒྱས་ཐུབ། མི་རིགས་ཁག་གིས་རིག་གནས་སྤེལ་རེས་མཉམ་འདྲེས་ལ་བརྟེན་ནས་རིག་གནས་དར་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཀྲུང་ཧྭའི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བའི་བརྗིད་ཆེའི་ལེའུ་རྩོམ་དགོས།