དབུ་ཤོག>ཆེད་སྒྲིག>གསར་འགྱུར་ནང་དོན།
  • ས་ཡོམ་གྱིས་གཏོར་སྐྱོན་མི་ཐུབ་པའི་དམག་འཐབ་མཁར་རྫོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-27

    འདི་ནི་སྦྲ་ཆེན་རྫོང་གི་གེགས་ཁུལ་བྲག་ཧྲོབ་རྒལ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་མི་དམངས་ཉེན་རྟོག་པས་ཆུ་ཚོད་24ཡི་རིང་སྐོར་གཡེང་བརྟན་སྲུང་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱེད་བཞིན་པ།

    ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22ཙམ་ལ་བོད་བྱང་ཐང་ས་མཐོར་མུན་པ་རྦད་དེ་རུབ་པ་མ་ཟད། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་གི་ཁྱིམ་ཚང་མང་ཆེ་བ་གློག་བསད་མ་ཐག་རེད།

    གློ་བུར་དུ་ཁང་པའི་ཕྱི་རོལ་ནས་འཕྲུལ་འཁོར་ཆེན་པོ་ཞིག་ལམ་དུ་བསྐྱོད་པ་ལྟར་གྱི་ལྡིར་སྒྲ་ཆེན་པོ་ཞིག་གྲགས་ནས་ས་ཡམ་ཡོམ་བྱས། དམར་རུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཐང་ཧུང་ཀང་གིས་སྒེའུ་ཁུང་ནས་ཕྱིར་ལྟ་སྐབས་ཁང་པ་ཡམ་ཡོམ་ཆེན་པོ་བྱས་ཏེ་གྱང་ངོས་ཀྱི་ས་ལྷུང་བ་དང་སྒྲོག་ཙེའི་སྟེང་གི་ཅ་ལག་ཚང་མ་ས་སྟེང་དུ་ལྷུང་།

    སྐར་མ་ཁ་ཤས་སོང་རྗེས་ཁོང་ཤང་སྲིད་གཞུང་གི་ཐོག་ཁང་འོག་གི་ས་སྟོང་དུ་སླེབས་ཟིན་ལ། ཤང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོའང་རང་འགུལ་ངང་འདི་གར་འཛོམས་ཤིང་། ནག་ཐིང་ཐིང་གི་མཚན་མོ་དེར་མི་ཚོགས་ཀྱི་འུར་སྒྲ་ལས་གཞན་གང་ཡང་ཐོས་རྒྱུ་མེད།

    དུས་ཚོད་དེ་རང་ལ་སྦྲ་ཆེན་རྫོང་གྲོང་དུ་ཡོམ་ཚོར་ཆེན་པོ་བྱུང་ཞིང་། དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོ་གཉིས་པ་དང་སྐམ་ལུང་རྒལ་གྲོང་ཚོ་གསུམ་པར་འབྲེལ་བ་བྱེད་ཐུབ་ཀྱི་མེད། ས་ཡོམ་རིམ་པ་7.0བརྒྱབ་པ་ལས་ས་བབ་སྨི་4500ཙམ་ཟིན་པའི་རྫོང་ཆུང་དེའི་ཡུལ་མི་ཚང་མ་མཚན་མོ་དེར་གཉིད་ཁུག་ཐབས་བྲལ།

    འོན་ཀྱང་གཞི་རིམ་ཏང་རྩ་འཛུགས་ཀྱིས་ས་ཡོམ་བརྒྱབ་མ་ཐག་ལས་དོན་སྒྲུབ་འགོ་ཚུགས་ཡོད།

    གདོང་ལེན་པ་རེ་རེ་ཡོམ་ལྟེའི་ཕྱོགས་སུ་བསྐྱོད་པ།

    ས་ཡོམ་བརྒྱབ་པ་ནས་དམར་རུ་ཤང་མངགས་གཏོང་ཁང་གི་ཉེན་རྟོག་རླངས་འཁོར་ཡོམ་ཁུལ་དུ་རྡོག་ཐོན་བྱེད་པའི་བར་སྐར་མ་གསུམ་ལས་འགོར་མེད།

    ཏང་ཡོན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་བསྟན་འཛིན་ཚེ་རིང་དང་། ལིའུ་ཡུང་། ཚེ་རིང་མགོན་པོ། ཡེ་ཤེས་ཀུན་བཟང་བཅས་ཉལ་ཁང་ནས་དོན་ཏེ་མ་གྲོས་གཅིག་མཐུན་ངང་ཉེན་རྟོག་རླངས་འཁོར་གྱི་ཕྱོགས་སུ་བསྐྱོད་པ་དང་།

    རླངས་འཁོར་གྱི་གློག་བསླངས་མ་ཐག་ཁོང་ཚོ་བཞི་པོ“ལས་རེས་བ”ནས“རོགས་སྐྱོབ་བ”ཞིག་ཏུ་གྱུར།

    སྲང་ལམ་དུ་མི་ཚོགས་ཀྱིས་ཁེངས་ནས་ཟང་ཟིང་ཆེ་བས། ཉེན་རྟོག་པའི་རླངས་འཁོར་སྲང་ལམ་དུ་དལ་བུར་བསྐྱོད་དེ“ཉེན་ཁ་ཡོད་སར་སྡོད་མི་རུང་། གང་མགྱོགས་ས་སྟོང་དུ་ཉེན་གཡོལ་གྱིས་ཤིག”ཅེས་སྐད་ཡང་ཡང་བརྒྱབ།

    ཐང་ཧུང་ཀང་གིས“མི་སེར་ལ་ཕན་ཐོགས་བྱུང་ན་ང་ཚོས་ལས་ཀ་ཚང་མ་སྒྲུབ་ཀྱི་ཡོད”ཅེས་བཀོད་སྒྲིག་བྱས་རྗེས་སེམས་ཅུང་ཟད་ལྷོད་ལ་བབས་ནས་བཤད།

    ཤང་སྲིད་གཞུང་གི་སྒོ་རའི་ནང་ཐང་ཧུང་ཀང་གིས“མགྱོགས་པོ་གྲོང་ཚོ་ཁག་ལ་སྐད་འཕྲིན་ནས་བརྡ་ཐོ་ཐོངས། སྐད་འཕྲིན་ལ་ལན་མ་བརྒྱབ་ཚེ་ཁ་པར་རྒྱོབས”ཞེས་བཀོད་སྒྲིག་ཡང་ཡང་བྱས།

    “ད་གིན་ང་ཚོའི་ཤང་དུ་ས་ཡོམ་དྲག་པོ་བརྒྱབ་སོང་བས་ཚང་མས་རང་ངོས་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་པ་དང་ཆབས་ཅིག ཡུལ་མི་སྒྲིག་འཛུགས་ནུས་ལྡན་བྱས་ཏེ་ཁང་པའི་ནང་སྡོད་མི་རུང”ཞེས་པའི་ཆ་འཕྲིན་མགྱོགས་མྱུར་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་18ལ་བཏང་།

    སྐད་ཆ་དེ་བཤད་མ་ཐག་འཁྱགས་ནས་ཁ་འདར་ཤོར་བ་དང་། དེ་བྱིངས་ལས་དོན་པ་ཚང་མའང་མགྱོགས་མྱུར་ཕྱིར་འཐེན་བྱེད་སྐབས་གྱོན་གོས་མཐུག་པོ་གྱོན་ཁོམ་བྱུང་མེད་ལ། མཚན་མོ་དེར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་6ཡས་མས་སུ་ཆག་སྟེ་གྲང་ངར་ཤིན་ཏུ་ཆེ།

    “ད་དུང་གྲོང་ཚོ་ཁག་གིས་གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱེད་དགོས”

    “གྲོང་ཚོ་གཉིས་པ་དང་གསུམ་པར་ད་དུང་འབྲེལ་བ་བྱེད་ཐུབ་ཀྱི་མིན་འདུག སྐད་འཕྲིན་ལའང་ལན་རྒྱག་མཁན་མིན་འདུག”ཅེས་དང“གྲོང་ཚོ་བཅུ་གསུམ་ལ་མི་ཤི་རྨས་བྱུང་འདུག”ཅེས་པ་སོགས་ཀྱི་ལན་གཅིག་རྗེས་གཉིས་མཐུད་ངང་འབྱོར་རིམ་བཞིན་ཚང་མའི་སེམས་པ་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ལྟ་བུར་གྱུར།

    འབྲེལ་བ་ཆད་ན་གནས་ཚུལ་སྟབས་མི་ལེགས་པ་ཐོན་སྲིད་པར་བརྟེན། “ཚོགས་ཆུང་དང་པོས་གྲོང་ཚོ་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ་སྐྱོད་དགོས་པ་དང་། ངས་མི་ཁྲིད་དེ་གྲོང་ཚོ་13པར་ཕྱིན་ཆོག ཚོགས་ཆུང་གཞན་དག་གིས་ཐག་རིང་ཐུང་ལ་གཞིགས་ནས་གྲོང་ཚོ་རེ་རེ་བཞིན་ལ་གྲལ་བཤེར་འཚོལ་སྐྱོབ་བྱེད་དགོས”ཞེས་ཐང་ཧུང་ཀང་གིས་ཤང་ཡོངས་ཀྱི་ལས་བྱེད་པ་38ཚོགས་ཆུང་བདུན་ལ་བགོས་ཏེ་དེ་ལྟར་བཤད།

    ཕྱོགས་གཞན་ཞིག་ཏུ་གནས་པའི་སྦྲ་ཆེན་རྫོང་གྲོང་དུ“མི་ཚང་མ་རྫོང་སྲིད་གཞུང་གི་སྒོ་རའི་ནང་འཛོམས་དགོས”ཞེས་པའི་བཀའ་བཏང་མ་ཐག་ལས་བྱེད་པ་དང་ལས་བཟོ་ཚང་མ་མགྱོགས་མྱུར་དང་གོ་རིམ་ལྡན་པའི་ངང་དེ་གར་འཛོམས་ཏེ་ཡོམ་འགོག་གེགས་སེལ་གྱི་སྔོན་ཇུས་འཕྲལ་མར་ལག་ལེན་བསྟར་འགོ་ཚུགས།

    སྲིད་གཞུང་གི་སྒོ་རའི་ནང་བཀོད་གཏོང་དང་བཀའ་རྒྱ་གོ་རིམ་དང་ལྡན་ཞིང་། བཀོད་སྒྲིག་ཚང་མར་བརྡ་ལན་བསློགས་ནས་རྡོག་ཐོན་བྱེད་མཁན་ཡོད་ལ“མཇུག་ག་དུས་འགྲིལ་མིན”འདྲི་མཁན་གཅིག་ཀྱང་མེད། སྦྲ་ཆེན་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲུང་ཙུའུ་ཤིང་གིས་མཚན་མོ་དེ་རང་ལ་དངོས་ཟོག་ཁག་དང་པོ་མཚན་གང་མོ་ཊའི་ནང་བླུགས་ནས་དབོར་རྗེས་ཚེས་22ཉིན་གྱི་ཆུ་ཚོད་23ལ་ཁག་གཉིས་པ་མུ་མཐུད་བཀོད་སྒྲིག་བྱས་ནས་ཚེས་23ཉིན་གྱི་ནམ་མ་ལངས་བར་ལས་ལ་གཞོལ།

    བེན་མཐའ་ཤང་དུ་གསོ་སྦྱོང་ལ་ཞུགས་པའི་ལས་བྱེད་ཉེན་རྟོག་པ་40ལྷག་ཙམ་གནོད་འཚེ་ཚབས་ཆེན་ཕོག་ཁུལ་དང་ཐག་ཉེ་ཤོས་ཡིན་ཞིང་། ཆུ་ཚོད་22དང་སྐར་མ་40ཙམ་ལ་རྫོང་སྤྱི་བདེ་ཅུས་ཀྱི་ཆབ་སྲིད་ཨུ་ཡོན་བསོད་ནམས་རྒྱལ་དབང་གི་སྣེ་ཁྲིད་འོག་སྔོན་སྐྱོད་འཕྲལ་སྒྲུབ་ཉེན་སེལ་རོགས་སྐྱོབ་རུ་ཁག་ཡོམ་ཁུལ་དུ་བསྐྱོད། “ང་ཚོ་ཚེས་23ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་ཙམ་ལ་འབྱོར་བ་དང་ལམ་ཁག་གཉིས་སུ་བགོས་ནས་བྲག་ཧྲོབ་རྒལ་གྲོང་ཚོ་དང་སྐམ་ལུང་རྒལ་གྲོང་ཚོར་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་རྨས་མ་ལྔ་དྲུག་བསྐྱབས་པ་དང་འབྲེལ། མང་ཚོགས་ལ་སེམས་གསོའང་བཏང་བ་ཡིན”ཞེས་བསོད་ནམས་རྒྱལ་དབང་གིས་བཤད།

    མཚན་མོའི་ཆུ་ཚོད་12ནས་ནམ་མ་ལངས་བར། གྲོང་ཚོར་སྐྱོད་སའི་ལམ་རེ་རེ་བཞིན་ཤར་གཏོང་བྱས་པ་དང་དཔུང་ཁག་རེ་རེ་བཞིན་འབྲེལ་བ་ཆད་སའི་ཕྱོགས་སུ་བསྐྱོད་ཡོད། རྩ་འཛུགས་ཀྱི་སྟོབས་ཤུགས་ཀྱང་མུན་ནག་ཁྲོད་དེ་བས་བཀྲག་མདངས་འཚེར།

    ལྕགས་ཐབ་ལས་དུ་བ་ལྷོག་ལྷོག་ཏུ་འཕྱུར་བས་མི་སེམས་ལ་དྲོ་སྐྱིད་སྦྱིན།

    ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་2པར། སྦྲ་ཆེན་རྫོང་སློབ་འབྲིང་གི་ལུས་རྩལ་ཐང་དུ་ལོ་48ལ་སླེབས་པའི་ཏང་ཡོན་རྒན་གྲས་ཝང་ཤན་པོ་ཡིས་གུར་རྒྱག་བཞིན་ཡོད།

    སྐབས་དེར་ཁོང་ལ“འཕྲལ་མར་བཟའ་བཅའ་ཉོས་ཏེ་གེགས་ཁུལ་དུ་དབོར་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་རོགས་སྐྱོབ་པའི་བཟའ་བཏུང་འགན་ལེན་ཡག་པོ་བྱེད་དགོས་པའི”བརྡ་ཐོ་གསར་པ་ཞིག་འབྱོར།

    ཁོང་གིས་སྲིད་གཞུང་གཞུང་ལས་ཁང་དུ་ལོ་དྲུག་རིང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་སྒྲུབ་མྱོང་བས། བཟའ་བཅའ་སྔ་ཙམ་འབྱོར་ཚེ་གེགས་ཁུལ་མང་ཚོགས་ཀྱིས་གཞི་ནས་ལྟོ་ཆས་ཚ་པོ་ཞིག་བཟའ་ཐུབ་རྒྱུ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། ཐོ་རེངས་ཆུ་ཚོད་4པར་ཁོང་གིས་བཟའ་བཅའ་ཟོག་འཁོར་གང་ཉོས་ཚར་རྗེས་ཐད་ཀར་དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད།

    མ་གཞི་ས་མཐོར་ཐོ་རེངས་སུ་གྲང་ངར་ཆེ་ཡང་ལྕགས་ཐབ་ནང་གི་མེ་རབ་ཏུ་འབར་བཞིན་ཡོད་ལ། ཡུལ་མི་ཚོས་མེ་ཁ་གསོ་བ་དང་། ཆུ་སྐོལ་བ། ཚལ་བརྔོ་བ། ལྟོ་བཟོ་བ་བཅས་ཀྱི་ལས་ལ་གཞོལ་བཞིན་ཡོད།

    ཆུ་ཚོད་6པ་ཙམ་ལ་བཀོད་སྒྲིག་བྱ་ཡུལ་དུ་ལྕགས་ཐབ་ལས་དུ་བ་ལྷོག་ལྷོག་ཏུ་འཕྱུར་བ་དང་། སེམས་ནང་གི་སྐྲག་སྣང་ད་དུང་རྦད་དེ་ཡལ་མེད་པའི་མང་ཚོགས་ཚོར་རིམ་བཞིན་ལྟོ་ཚ་པོ་བཟའ་རྒྱུ་བྱུང་བ་དང་ཆུ་ཚ་པོ་འཐུང་རྒྱུ་བྱུང་ཡོད།

    འཐབ་ས་དང་པོར་རྩ་འཛུགས་བཙུགས། འགན་འཁྲི་མི་ཐོག་ཏུ་འཁྱོལ། དམར་རུ་ཤང་གྲོང་ཚོ་གཉིས་པའི་གྲོང་ཚོ་ཨུ་ལྷན་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་གེགས་སེལ་གུར་རེ་རེ་བཞིན་གྲལ་སྟར་འགྲིག་པོས་བརྒྱབ་ཡོད་ལ། གུར་ཚང་མའི་སྒོ་ཁར་ཁྱིམ་བདག་གི་མིང་དང་། ནང་མིའི་ཁ་གྲངས། འབྲེལ་གཏུག་འགན་ལེན་ལས་བྱེད་པའི་མིང་། འབྲེལ་གཏུག་ཁ་པར་ཨང་གྲངས། ཉིན་དེའི་ལས་དོན་དོན་འཁྱོལ་བྱས་ཚུལ་བཅས་ཀྱི་གཅིག་གྱུར་སྤྱི་བསྒྲགས་གཱ་རེ་སྦྱར་ཡོད། གནས་ཚུལ་ཡོངས་བསྒྲགས་དང་འགན་འཁྲི་ཡོངས་བསྒྲགས་བྱས་པས་སུའི་ནང་ལ་དཀའ་ངལ་འཕྲད་ཚེ་ལམ་སེང་འབྲེལ་བ་བྱེད་ཐུབ་ཀྱི་ཡོད།

    འདི་གར“70ནང་སྐྱེས”ཀྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རེ་སྨོན་དང“00ནང་སྐྱེས”ཀྱི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཆོས་དབང་ལས་རོགས་ཡག་ཤོས་སུ་འགྱུར་བ་མ་ཟད། ཁོང་གཉིས་ནི་མང་ཚོགས་ཚོས་རྒྱུས་མངའ་ཆེ་ཤོས་ཤིག་ཀྱང་རེད།

    ཚེས་25ཉིན་གསར་འགོད་པས་བཀོད་སྒྲིག་བྱ་ཡུལ་ནས་གྲོང་ཚོའི་གནས་ཚུལ་ལ་རྒྱུས་མངའ་ཆེ་ཤོས་ཡོད་པའི་རེ་སྨོན་གྱིས་སྟབས་བདེའི་ཐུག་པ་དང་། གཏེར་ཆུ། རྡོ་སོལ་བཅས་ཚང་མ་བགོ་བཤའ་ཏག་ཏག་བརྒྱབ་པར་ཕྲུ་གུ་ཚོས་ཀྱང་ཡི་རང་བྱེད་བཞིན་པ་མཐོང་བྱུང་།

    “ཧྲུའུ་ཅི་ལགས། སླར་ཡང་དངོས་ཟོག་བླུགས་པའི་རླངས་འཁོར་ཞིག་འབྱོར་སོང་། ངས་ཚོགས་པའི་ནང་གཞོན་ནུ་དང་དར་མ་ཚོ་དངོས་ཟོག་དབོར་བར་ཡོང་དགོས་པའི་བརྡ་བཏང་བ་ཡིན”ཞེས་ཆོས་དབང་གིས་བཤད།

    རླངས་འཁོར་མང་པོ་ཞིག་གྲོང་ཚོའི་གཞུང་ལམ་བརྒྱུད་དངོས་ཟོག་སྤྲོད་སའི་ཕྱོགས་སུ་འོང་བ་དང་། ལོ་23ལ་སླེབས་པའི་ཡུལ་མི་ཇོ་བཀྲ་ཡིས་རླངས་འཁོར་བཏང་ནས་མདུན་དུ་ཡོང་།

    “ཏང་ཡོན་ལས་བྱེད་པས་ང་ཚོར་བྱ་བ་མང་པོ་འདི་འདྲ་བསྒྲུབས་པས་སེམས་གཏིང་ནས་བཀའ་དྲིན་ཚོར་གྱི་འདུག ཡོམ་འགོག་གེགས་སེལ་བྱེད་སྐབས། ངས་བལྟས་ཏེ་བསྡད་ན་ག་ལ་འགྲིག ཚང་མས་ཕྱར་བ་གྲུ་འདེགས་བྱས་ཚེ་སྒྲོལ་མི་ཐུབ་པའི་དཀའ་ངལ་གཅིག་ཀྱང་མེད”ཅེས་ཇོ་བཀྲ་ཡིས་བཤད།

    དེ་ནི་གཞི་རིམ་གྱི་བབ་ཆགས་ཤོས་ཀྱི་གཏན་ཚིགས་ཤིག་སྟེ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ཚེ་མང་ཚོགས་ཀྱིས་རྗེས་སུ་འབྲང་བ་དེ་ཡིན།

    གློག་འོད་ཆུང་ཡང་ཟླ་འོད་ལས་ཀྱང་གསལ།

    ཆོས་དབང་གིས་ས་ཡོམ་རྒྱག་དུས་ཀྱི་གནས་ཚུལ་དེ་ནམ་ཡང་བརྗེད་མི་སྲིད།

    བྲག་ཧྲོབ་རྒལ་གྲོང་ཚོ་ཨུ་ལྷན་གྱི་རྒྱལ་སྒོ་གཉིས་ཀ་ས་ལ་འགྱེལ་ཡོད་པ་དང་། དེའི་གྱང་ཡང་ལོག་ནས་ཁ་ཐོར་དགུ་ཐོར་ཆགས་ཡོད།

    “ང་ཚོས་སར་འགྱེལ་བའི་རྒྱལ་སྒོའི་སྟེང་ནས་རྒྱུག་ཡོང་བ་ཡིན”ཞེས་སེམས་ཧ་ཅང་འཚབ་པའི་ཆོས་དབང་གིས་དེ་ལྟར་བཤད།

    ཁོང་གིས་གྲོང་ཚོ་ཨུ་ལྷན་དུ་སྡོད་མཁན་གྲོང་གསེབ་ཚན་རྩལ་ཆེད་བསྐོས་པ་ཁྱུང་དཀར་ཚེ་རིང་སོགས་ཁྲིད་དེ་ལག་ཐོགས་ཁ་པར་གྱི་གློག་སྒྲོན་སྤོར་བཞིན་དུ་རི་སྟེང་དུ་ཡོད་པའི་མི་ཚོགས་མང་སར་རྒྱུག་འོང་བ་དང་། ལམ་བར་དུ་ས་ཁང་མི་ཉུང་བ་ལོག་ཡོད་པ་དང་། མི་ཁ་ཤས་དེའི་འོག་ཏུ་ལུས་ཡོད་པ་རེད།

    ཆོས་དབང་གིས་སྐད་རྒྱག་པ་དང་མི་ཡོད་མེད་བལྟས་ནས་ཡུལ་མི་ཚོ་གང་མགྱོགས་རྒྱ་ཆེ་སར་འགྲོ་རུ་བཅུག་ཡོད། མི་རིང་བར་ཁོང་གིས་ཉེན་ཁ་སེལ་རོགས་བྱེད་མཁན་རེ་སྨོན་དང་མཉམ་དུ་འཕྲལ་མར་ཡུལ་མི་སྐྱོབ་པའི་ལས་ལ་གཞོལ་ཞིང་། ལག་བཞུའི་འོད་ཕར་ཚུར་རྒྱག་ཞོར་མི་ཡོད་མེད་སྐད་བརྒྱབ་སྟེ། གཉིས་ཀས་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཞིག་རོའི་ཁྲོད་ནས་བྱིས་པ་རྨས་མ་གཉིས་བསྐྱབས།

    མཚན་མོ་དེར་མི་མང་པོ་ཞིག་ཁ་ཕྱོགས་གཅིག་ལ་བསྐྱོད་ཅིང་། ལས་བྱེད་པ་གྲོང་ཚོར་བསྐྱོད་པ་དང་། ཏང་ཡོན་ཞིག་རོའི་ཁྲོད་བསྐྱོད་པ། རོགས་སྐྱོབ་དཔུང་ཁག་འབྲེལ་བ་ཆད་པའི་གྲོང་ཚོར་བསྐྱོད་ཡོད།

    ཤང་སྲིད་གཞུང་གི་ཚོགས་ཆུང་ཁག་གི་མི་དང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་གྲོང་ཚོ་ཁག་ཏུ་འབྱོར་རྗེས་གཞི་ནས་འབྲེལ་བ་ཆད་པའི་གྲོང་ཚོ་གཉིས་པ་དང་གསུམ་པར་གནོད་འཚེ་ཚབས་ཆེ་ཤོས་ཕོག་པ་གསལ་པོ་ཤེས་ཡོད། གནོད་འཚེ་ཅུང་ཆུང་བའི་གྲོང་ཚོའི་གནས་ཚུལ་ཤེས་རྗེས། ཚོགས་ཆུང་ཁག་གིས་འཕྲལ་མར་གྲོང་ཚོ་གཉིས་པ་དང་གསུམ་པར་བསྐྱོད་པ་དང་། གྲོང་ཚོ་གཉིས་པ་དང་གསུམ་པས་ཀྱང་ཤང་གི་མཛུབ་སྟོན་འོག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། ཏང་ཡོན། གཞོན་ནུ་དང་དར་མ་བཅས་སྒྲིག་འཛུགས་བྱས་ཏེ། ཏང་ཡོན་གདོང་ལེན་རུ་ཁག་དང་འཕྲལ་སྡོམ་འཕྲལ་སྒྲུབ་རུ་ཁག་གང་མགྱོགས་བཙུགས་ནས་ཡུལ་མི་འཚོལ་སྐྱོབ་དང་མང་ཚོགས་གནས་སྤོ་བཀོད་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད།

    ས་ཡོམ་བརྒྱབ་རྗེས་ཀྱི་སྐར་མ་གསུམ་ནང་ཛ་དྲག་གི་བརྡ་ལན་ནས་ཞིག་རོའི་འོག་ལུས་པའི་མང་ཚོགས་རེ་རེ་བཞིན་སྐྱོབ་པའི་བར་དང་། གྲང་ངར་ཆེ་བའི་མཚན་མོར་མེ་བཏང་སྟེ་ཁ་ལག་བཟོ་བ་ནས་རོགས་སྐྱོབ་རུ་ཁག་གིས་རི་ལམ་ཀྱག་ཀྱོག་ཏུ་གྲལ་སྟར་རིང་པོ་བསྒྲིགས་པའི་བར་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་སྔར་བཞིན་གོ་རིམ་ལྡན་པའི་ངང་སྤེལ་བ་ལས། ས་ཡོམ་གྱིས་གཏོར་སྐྱོན་ཇི་ལྟར་བཏང་བ་དང་ཁང་པ་བརྡིབས་ནའང་ཏང་རྩ་འཛུགས་ལ་གཏོར་སྐྱོན་མི་འགྲོ་བ་དང་མི་སེམས་ལ་ནམ་ཡང་གཡོ་འགུལ་མི་ཐེབས་པར་སྦྲ་ཆེན་རྫོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས“མཁར་རྫོང”གི་ནུས་པ་བཏོན་དང་འདོན་མུས་ཡིན་པ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།