“སྣེ་གཅིག་ཁུལ་ལྔའི”ངེས་གནས་གསར་པར་དམིགས་ནས་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་བཏོད་པ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་བསམ་གྲུབ་ཚེ་རིང་ལ་བཅར་འདྲི་ཞུས་པ།

འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་བསམ་གྲུབ་ཚེ་རིང་ཡིན་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས་2025ལོར་བསྒྲུབས་པའི་གཙོ་གནད་ལས་དོན་དང་། ཐོབ་པའི་ཕན་འབྲས། དེ་བཞིན་2026ལོའི་ལས་ཀའི་འཆར་གཞི་བཅས་ཀྱི་ཐད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་བསམ་གྲུབ་ཚེ་རིང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད།
བསམ་གྲུབ་ཚེ་རིང་གིས་གསུངས་དོན། 2025ལོར། ལྷོ་ཁས་དཀའ་སྤྱད་འབད་འབུངས་ཀྱི་དུས་རིམ་ཁྲོད་ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “དོན་ཆེན་བཞི”དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་པ་དང་། དཀའ་ཐེག་མདུན་སྐྱོད་དང་གསར་གཏོད་ཚད་བརྒལ་ཡོང་བར་བྱེད་པ། “རྩེ་གྲ་དང་བསྡུར་བ་དང་སྔོན་ཐོན་བརྩོན་ལེན”གྱི་ངར་ཤུགས། “ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་དང་ཐབས་བརྒྱ་ཇུས་སྟོང”གི་ཐབས་མཁས། “དཀའ་ངལ་ཁྱད་བསད་བྱས་ནས་འགག་སྒྲོལ་བྱེད་པའི”མཉེན་ཤུགས་བཅས་ལ་བརྟེན་ནས་བཀྲག་མདངས་འཚེར་ས་གསར་པ་མང་པོ་བཏོད་ཡོད།
དམངས་འཚོ་འགན་སྲུང་ཐད་སེམས་ནུས་གཅིག་སྒྲིལ་བྱས་པས་མང་ཚོགས་ཀྱི་བདེ་རྩ་མུ་མཐུད་ཆེ་རུ་ཕྱིན་པ། ནོར་ཤུགས་གཞི་རིམ་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྒོར་ཁྲི་8770ལྷག་ཙམ་བཏང་ནས“དམངས་འཚོའི་དོན་དངོས་བཅུ”ལག་ལེན་བསྟར་ཏེ་ལས་གནས་བརྟན་པོ་དང་རྒྱ་སྐྱེད་སྤུས་མཐོའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། སློབ་དུས་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99%ཡན་ཟིན་ནས་ལོ་གསུམ་བསྟུད་མར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ། ཞིང་འབྲོག་པ་མི་ཁྲི་11ལྷག་ཙམ་ལས་ཞུགས་གཞན་སྒྱུར་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་20ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་54367དང་སྒོར་24990སོ་སོར་ཟིན་པ། སློབ་གསོའི་གྲོང་ཁྱེར་སྟོབས་ཆེན་དང་། བདེ་ཐང་ལྷོ་ཁ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ། ལས་ཞུགས་འབབ་འཕར་ལ་སྔར་བས་འགན་ལེན་དང་། སྤྱི་པའི་ཞབས་ཞུ་སྔར་བས་སྤུས་ལེགས། དུས་ཐོག་ཏུ་དཀའ་ངལ་སེལ་ཐུབ་པ་བཅས་བྱུང་ཡོད།
བསམ་གྲུབ་ཚེ་རིང་གིས་གསུངས་དོན། 2026ལོར་ལྷོ་ཁ་གྲོང་ཁྱེར་གྱིས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་དམིགས་ཏེ། དེ་བས་ཟབ་པའི་བརྩེ་སེམས་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་པའི་བདེ་རྩ་ཆེ་རུ་གཏོང་བ། “སྣེ་གཅིག་ཁུལ་ལྔ”བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོས་ནས་ལྗོངས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ལྷོ་ཁས་བྱས་རྗེས་གསར་པ་འཇོག་པ་དང་ལེགས་སྐྱེས་གསར་པ་འབུལ་ཐུབ་པར་བྱེད་ཀྱི་ཡིན།
འབྲེལ་ཡོད་གསར་འགྱུར།