རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བསོད་ནམས་ཕུན་ཚོགས་ཀྱིས་གསུངས་དོན།
རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས།
“མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ངས་ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་ནས་རིན་སྤུངས་རྫོང་དེ་བས་རི་སྔོན་ཆུ་དྭངས་ལྡན་པ་ཞིག་ཡོང་བར་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་ཕུན་ཚོགས་ཀྱིས་དེ་ལྟར་གསུངས།
བསོད་ནམས་ཕུན་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་སྟོང་གཏམ་ཙམ་མིན་པར་ངེས་པར་དུ་དམངས་འཚོ་ལེགས་གཏོང་དང་མཉམ་དུ་དམ་འཛིན་བྱེད་དགོས་པ་མཁྱེན་གྱི་ཡོད། ཁོང་གིས་བརྟག་དཔྱད་གཏིང་ཟབ་གནང་རྗེས་ཐཱན་བསྡུའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་ཞེས་བཏོན་གནང་བ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་ལ་ཕན་པ་ཐོབ་ཚེ། གཞི་ནས་སྐྱེ་ཁམས་སྲུང་སྐྱོང་ཡུན་རིང་བྱེད་ཐུབ་ཅེས་གསུངས།
རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོའི་ཐུན་མོང་འབད་བརྩོན་འོག རིན་སྤུངས་རྫོང་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ་སྟེ། བཙོག་ཆུ་གཙང་གསིང་བཟོ་གྲྭའི་ཚད་གཞི་མཐོར་གཏོང་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་། ཤང་དང་གྲོང་རྡལ་གྱི་གད་སྙིགས་བསྡུ་སྐྱེལ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ཤིང་འཛུགས་ནགས་བཟོའི་བྱེད་སྒོ་ཏན་ཏིག་སྤེལ་བ། རྫོང་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ། གཙང་པོ་དང་མཚོ་མཚེའུ་ཡི་ཆུའི་སྤུས་ཚད་ལེགས་པ་དང་Ⅲརིགས་ཀྱི་ཚད་གཞིར་སླེབས་པ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མི་སེམས་ལ་རིམ་གྱིས་ཟུག་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།