ཐབས་འདོན་ཇུས་འབུལ་བྱས་ནས་འཕོ་འགྱུར་གླེང་། གྲངས་གཞིས་དམངས་འཚོའི་འཕེལ་རྒྱས་གསལ་ལེར་སྟོན།
འཐུས་མི་དང་ཨུ་ཡོན་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལྷུག་པོར་གླེང་བ།
“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གྲོང་ཚོའི་ལས་བྱེད་པ་ཞིག་ཡིན་པའི་ང་རང་ལ་བོད་ལྗོངས་འཕེལ་རྒྱས་ཀྱི་འཕར་རྩ་འཕར་ཤུགས་ཆེ་བའི་མྱོར་ཚོར་བྱུང་། ང་ཚོ་གཙང་གྲོང་གྲོང་ཚོར་འཕོ་འགྱུར་ཆེན་པོ་བྱུང་བ་ནི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་སྟོན་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་གྲུབ་འབྲས་དག་གཞི་རིམ་ནས་མངོན་པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད་འདུག”རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གྲ་ནང་རྫོང་གྲ་ཕྱི་ཤང་གཙང་གྲོང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པ་ཚེ་རིང་ལྷ་མོའི་གཏམ་བཤད་དེ་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་མ་ཟད།“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་འཕེལ་རྒྱས་དང་འཕོ་འགྱུར་བྱུང་བའང་མངོན་གྱི་ཡོད།
ལྗོངས་ཡོངས་ཀྱི་རྫོང་དང་ཆུས་ཁག་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བཟོ་ཚོང་ལྷན་ཚོགས་ལས་རིགས་ཀྱི་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་དུ་འཛོམས་ནས་ལོ་ལྔའི་རིང་དངུལ་རྩ་མཐུན་སྦྱོར་དང་། རྫོང་ཁོངས་འཕེལ་རྒྱས། གཞི་རིམ་དར་རྒྱས་དང་དམངས་འཚོ་ལེགས་གཏོང་བཅས་ཀྱི་ཕན་འབྲས་སྐོར་ལྷུག་གླེང་གནང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་པར་གནང་ཡོད།
དངུལ་རྩ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲག་རྩ་ལྟ་བུ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཡའོ་ཀྲུང་ཡུས་ཀྱིས་གྲངས་གཞི་ཁག་གཅིག་དྲངས་ནས། ཀྲུང་གོ་མི་དམངས་དངུལ་ཁང་གིས་ལས་འགན་ལེགས་པར་བསྒྲུབས་པ་དང་ས་གནས་ཀྱི་འཕེལ་རྒྱས་དང་མཉམ་འདྲེས་བྱས་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་མངོན་པར་གནང་ཡོད།“ལོ་ལྔ་ཚན་བཅུ་བཞི་པའི”རིང་། དངུལ་ཁང་དེས་སྤྱི་ཁྱབ་དངུལ་ཁང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། དངུལ་རྩའི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ལག་ལེན་བསྟར་ཏེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་གསོན་ཤུགས་བསྣན་ཡོད། 2025ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་ཁག་སྒོར་དུང་ཕྱུར་7007ཟིན་ནས་སྒོར་དུང་ཕྱུར་7000གི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། 2020ལོའི་ལོ་མཇུག་དང་བསྡུར་ན་41.35%འཕར་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་མཐུན་གནད་སྨིན་བྱུང་ཡོད།
རྫོང་ཁོངས་དར་རྒྱས་བྱུང་ཚེ་བོད་ལྗོངས་དར་རྒྱས་དང་། རྫོང་ཁོངས་སྟོབས་ཆེར་སོང་ཚེ་བོད་ལྗོངས་སྟོབས་ཆེར་འགྲོ་ངེས་ཡིན་ཞིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་རྫོང་ཁོངས་འཕེལ་རྒྱས་ཀྱི་མཆོང་སྐྱོད་ཚང་མའི་བདེན་དཔང་བྱེད་ཀྱི་ཡོད་ལ་དེར་སྐུལ་འདེད་ཀྱང་གཏོང་བཞིན་ཡོད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྩྭ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བཅས་ཡིན་པའི་ཟླ་བ་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར། ལོ་ལྔའི་རིང་རྩྭ་མདའ་རྫོང་གིས“མཐའ་སྟོབས་དམངས་ཕྱུག་དང་། སྐྱེ་ཁམས་མཐའ་སྲུང་། རིག་སྐོར་གྱི་རྫོང་སྟོབས”བཅས་ཀྱི་ཐབས་ལམ་བརྟན་སྲུང་བྱས་ནས་འཕེལ་རྒྱས་ཀྱི་འཆར་གཞི་དེ་མང་ཚོགས་བདེ་སྐྱིད་དངོས་ལ་བསྒྱུར་ཡོད། 2025ལོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་10.31ཟིན་པ་དེ་2021ལོ་ལས་ལྡབ་འཕར་བྱུང་བ་དང་། རིམ་རྩིས་བརྒྱབ་ན་ལོ་ལྔར་མ་དངུལ་སྒོར་དུང་ཕྱུར་130ལྷག་ཙམ་འདྲེན་འགུག་བྱས་པ། 2025ལོར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་29.01ལྷག་ཙམ་བཏང་བ་དེ་2021ལོ་དང་བསྡུར་ན་འཕར་ཚད་ལྡབ་6ཙམ་ཟིན་ཞིང་། རྣམ་གྲངས་གལ་ཆེན་མང་པོས་མཐའ་མཚམས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།