དབུ་ཤོག>ཆེད་སྒྲིག>2026ལོའི་བོད་ཀྱི་ཚོགས་འདུ་གཉིས།>ཚོགས་འདུའི་གྲོས་གཞི།
  • 2026ལོའི་བོད་ཀྱི་ཚོགས་འདུ་གཉིས་ཀྱི་གྲོས་རིམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-01-29

    གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོག་ཡུལ།

    2026ལོའི་རང་སྐྱོང་ལྗོངས་ཀྱི“ཚོགས་འདུ་གཉིས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་རིང་སྔ་དྲོ་ལྷ་སར་འཚོགས་པ་རེད། 




    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ།

    གསར་འགོད་པས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་ཟླ་1ཚེས་31ཉིན་གྱི་སྔ་དྲོར་འཚོག་རྒྱུ་དང་། ཟླ་2ཚེས་3ཉིན་གྱི་ཕྱི་དྲོར་གྲོལ་རྒྱུ་ཡིན་ཞིང་། འཚོག་ཡུན་ཉིན་བཞི་ཡིན་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་ལམ་སྲོལ་གྱི་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་འཆར་ཟིན་བཏོན་པ་རེད། ཟླ་1ཚེས་27ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་ཚོགས་ཆེན་གྱི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། ད་དུང་ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་འདུའི་ཐོག་གྲོས་འཆམ་བྱ་རྒྱུར་འབུལ་རྒྱུ་རེད།

    ཚོགས་ཆེན་གྱི་གྲོས་རིམ་འཆར་ཟིན་གཙོ་བོ་ནི། 

    1.རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་གནང་རྒྱུ། 

    2.རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་གྲོས་ཞིབ་གནང་རྒྱུ། 

    3.རང་སྐྱོང་ལྗོངས་ཀྱི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་ལ་ཞིབ་བཤེར་གནང་རྒྱུ། 

    4.རང་སྐྱོང་ལྗོངས་ཀྱི་2025ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་དང་། རང་སྐྱོང་ལྗོངས་ཀྱི་2026ལོའི་སྔོན་རྩིས་ཀྱི་འཆར་ཟིན་ལ་ཞིབ་བཤེར་གནང་རྒྱུ། 

    5.རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱ་རྒྱུར་ཕུལ་བའི《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གྲོས་གཞིར་གྲོས་ཞིབ་གནང་རྒྱུ། 

    6.རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་གནང་རྒྱུ། 

    7.རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་གནང་རྒྱུ། 

    8.རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་གནང་རྒྱུ།

    9.འདེམས་བསྐོ།

    10.དེ་མིན།

    སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ།

    རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་ཟླ་1ཚེས་30ཉིན་གྱི་སྔ་དྲོའི་ཆུ་ཚོད་9:30ལ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་འཚོག་རྒྱུ་དང་། ཟླ་2ཚེས་2ཉིན་གྱི་ཕྱི་དྲོར་གྲོལ་རྒྱུ་ཡིན་ཞིང་། འཚོག་ཡུན་ཉིན་བཞི་ཡིན་པ་རེད། ཚོགས་འདུར་སྲིད་གྲོས་ཀྱི་ལོ་གཅིག་རིང་གི་ལས་དོན་ལ་ཕྱོགས་སྡོམ་གནང་རྒྱུ་དང་། ད་ལོའི་ལས་དོན་བཀོད་སྒྲིག་གནང་རྒྱུ་རེད།

    ཚོགས་འདུའི་གྲོས་རིམ་གཙོ་བོ་ནི། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་གནང་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཞུགས་གནང་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་བཞིན་འབྲེལ་ཡོད་ཀྱི་སྙན་སྒྲོན་གཞན་དག་གསན་པ་དང་གྲོས་བསྡུར་གནང་རྒྱུ་དང“ ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་སོགས་ལ་གྲོས་བསྡུར་གནང་རྒྱུ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གནང་རྒྱུ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་ཀྱི་གྲོས་ཆོད་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་གནང་རྒྱུ། འབྲེལ་ཡོད་ཀྱི་མི་དོན་དོན་གནད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་གནང་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།