དབུ་ཤོག>ཆེད་སྒྲིག>སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད།
  • སྣེ་གདོང་ཆུས་གདོང་དཀར་སྡེ་ཁུལ་གྱིས“ཏང་འཛུགས་སྐྱོང+”ལ་བརྟེན་ནས་མིའི་སྡོད་མལ་ཁོར་ཡུག་མཛེས་སུ་བཏང་བ།

    ཏང་དར་ལྷབ་ལྷུབ་གཡོ། གྲོང་གསེབ་རྣམ་པ་གསར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    ཏང་ཡོན་རྒན་གྲས་ཟླ་བ་སྒྲོལ་དཀར་གྱིས་མེ་ཏོག་ལྡུམ་རའི་ནང་མེ་ཏོག་ལ་ཆུ་རྒྱག་བཞིན་ཡོད་པ་དང་། སྒོ་རའི་ནང་དུ་མེ་ཏོག་སྣ་ཚོགས་རབ་ཏུ་བཞད། ཁང་རྒྱབ་ཀྱི་སྒོ་རར་ཙོང་རིལ་དང་པད་ཚལ་སོགས་སྐྱེ་འཚར་བཟང་། འོན་ཏེ། ཟླ་བ་ཁ་ཤས་སྔོན་དུ་སྒོ་ར་འདིར་བེད་མེད་ཅ་དངོས་མང་པོ་སྤུངས་ནས་བཞག་ཡོད་པ་ནི་གཞན་གྱི་བསམ་ཡུལ་ལས་འདས་པ་ཞིག་རེད། ཟླ་བ་སྒྲོལ་དཀར་གྱི་ཁྱིམ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པ་ནི་སྣེ་གདོང་ཆུས་གདོང་དཀར་སྡེ་ཁུལ་གྱི་མིའི་སྡོད་མལ་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་བསྡུས་རིས་ཤིག་རེད།

    གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་སུ་གནས་པའི་གདོང་དཀར་སྡེ་ཁུལ་ལ་དེ་སྔོན་གནས་སྐབས་རིང་ཁོར་ཡུག་བཅོས་སྐྱོང་དཀའ་བའི་གནད་དོན་འཕྲད། གནད་དོན་དེ་ཐག་གཅོད་ཇི་ལྟར་བྱེད་དགོས་སམ། སྡེ་ཁུལ་ཏང་ཀྲི་པུས་ཁོར་ཡུག་བཅོས་སྐྱོང་གི་འཐབ་ས་དང་པོར་ཏང་དར་དམར་པོ་ལྷབ་ལྷུབ་ཏུ་གཡོ་བར་བྱེད་པ་དང་། “ཏང་འཛུགས་སྐྱོང+དོ་གནད་ལྔ”ཡི་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ནས་ཁྱབ་གདལ་གཏོང་བ། རྩ་འཛུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ཕན་ནུས་སུ་སྒྱུར་བ་བཅས་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་བློ་སེམས་གཅིག་ཏུ་མཐུན་ནས་ཁྱིམ་གཞིས་མཉམ་སྐྲུན་གྱི་རོལ་དབྱངས་དཀྲོལ་དགོས་ཞེས་ལན་དུ་བཏབ་ཡོད།

    སྡེ་ཁུལ་གྱིས“ཨུ་ལྷན་གཉིས”ཚན་ཁག་དང་དུད་སྦྲེལ་ཐེམ་དཔོན་སྒྲིག་འཛུགས་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་དཔལ་སྡིངས་གྲོང་ཚོ་དང་ཉིང་ཁྲི་གྲོང་ཁྱེར་གྱི་ཀླུ་ནང་གྲོང་རྡལ་སོགས་སུ་སློབ་སྦྱོང་བྱེད་པར་བསྐྱོད་ནས། “ང་ཚོས་ཀྱང་སྒྲུབ་ཐུབ་པའི”སེམས་ཤུགས་སྐྱེས་པར་བྱས་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་དང་མང་ཚོགས་ཀྱིས་རྗེས་སུ་འབྲངས་ཏེ། སྡེ་ཁུལ་གྱི་ཏང་ཡོན་46སྐོར་སྐྱོད་དར་ཆ་46ལ་བསྒྱུར་པ། གང་དུ་གད་སྙིགས་སྤུངས་ན་དེ་གར་ཏང་ཡོན་གྱིས་གཙང་སྦྲ་བྱེད་པ་དང་། 2024ལོར་མི་ཐེངས་1700ལ་ཁྱབ་པའི་དྲིལ་བསྒྲགས་ཐེངས་22བྱས་ནས་བཅོས་སྐྱོང་གི་རྩ་བ་མང་ཚོགས་ཀྱི་སེམས་སུ་ཚུགས་ཡོད།

    གྲོང་ཁྱེར་དང་། ཆུས། གྲོང་རྡལ་བཅས་ཀྱི་ལས་བྱེད་པ་རྣམས་གདོང་དཀར་སྡེ་ཁུལ་གྱི་རྒྱུན་ཕེབས་སྐུ་མགྲོན་ལྟ་བུར་གྱུར་ཞིང་། 2024ལོར་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་ཐེངས་12བྱས་པ་དང་། མི་ཐེངས་40ལྷག་ཙམ་འཐབ་ས་དང་པོར་བསྐྱོད་དེ་ཆེད་ལས་འཆར་འགོད་དང་རྩ་ཆེའི་ཐོན་ཁུངས་མཐུན་སྦྱོར་བྱས་ཡོད།

    མ་དངུལ་སྒོར་ཁྲི་400བཏང་ནས་བསྐྲུན་པའི་བ་ཚང་གསར་རྐྱང་80ཡོད་པའི་མི་ཕྱུགས་ལོགས་དབྱེའི་ས་ཚིགས་དེར་ཡུལ་མིས་མཐོ་བོང་བསྒྲེངས་ནས་ཡག་པོ་འདུག་ཅེས་བརྗོད་ཀྱི་ཡོད། “སྔོན་མ་དྲི་ངན་འཐུལ་ནས་སྦྲང་མ་མང་པོ་འཁོར་གྱི་འདུག ད་ཆ་གཙང་ཐིང་ངེར་གྱུར་ནས་འགྲོ་སྐྱོད་བྱེད་སྐབས་ཀྱང་སེམས་སྐྱིད་པོ་འདུག”ཅེས་ཡུལ་མི་གནམ་གང་གིས་གདོང་ལས་འཛུམ་མདངས་འཕྱུར་བཞིན་བརྗོད། 2024ལོར་སྡེ་ཁུལ་གྱིས་སྒོར་ཁྲི་53.5བཏང་ནས་མིའི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་བ་དང་མཉམ་སྡེབ་ཀྱིས་སྒོར་ཁྲི་50བཏང་སྟེ་མང་ཚོགས་ཀྱི་སེམས་ཁྲལ་མང་པོ་བསལ་ཡོད།

    ཏང་ཡོན་རྒན་གྲས་ཟླ་བ་སྒྲོལ་དཀར་ཁྱིམ་གྱི་སྒོ་རར“དཔེ་སྟོན་སྒོ་ར”ཞེས་བརྗོད་ཆོག སྔོན་མ་གྱང་ཟུར་དུ་མེ་ཤིང་གང་བྱུང་དུ་སྤུངས་པ་མ་ཟད་རྩྭ་ངན་ཡང་མང་པོ་སྐྱེས་ཡོད། ད་ཆ་གསར་དུ་བརྒྱབ་པའི་མེ་ཤིང་འཇོག་ཁང་གཙང་ལ་བཀོད་པ་ལེགས་པས་དེ་སྔའི་ལྟ་བཟོ་མེད་པའི་གནས་དེ་ད་ཆ་མཁོ་ཆེ་བའི་གནས་ཤིག་ཏུ་གྱུར་ཡོད། སྒྲོལ་དཀར་གྱི་ཁྱིམ་གྱི“སྒོ་ར་མཛེས་ཤོས”དེ་ལྟ་བུ་སྡེ་ཁུལ་གྱི་ཁྱིམ་ཚང་ཚང་མས་ལད་མོ་བྱེད་ས་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་། ཁང་པའི་རྒྱབ་མདུན་གྱི་ས་ཆ་སྟོང་པ་དག་ཡིད་དབང་འཕྲོག་པའི་མཛེས་ལྗོངས་དང་བདེ་སྐྱིད་འཚོ་བའི་ལྡུམ་ར་ལྟ་བུར་གྱུར་ཡོད།

    “‘ཏང་འཛུགས་སྐྱོང་གི་དར་དམར’གྱིས‘སྐྱེ་ཁམས་བཟང་བའི་ལྗང་མདོག’ལ་སྣེ་ཁྲིད་བྱེད་པ་ནི་སྟོང་གཏམ་ཞིག་མིན། ཏང་ཡོན་གྱིས་སྣེ་ཁྲིད་ནས་གང་བྱུང་དུ་སྤུངས་པའི་མེ་ཤིང་དང་གད་སྙིགས་གཙང་སེལ་བྱེད་པའི་བྱ་སྤྱོད་དེ་མང་ཚོགས་ཀྱི་འཆར་ཅན་བྱ་སྤྱོད་ཤིག་ཏུའང་རིམ་བཞིན་གྱུར་བཞིན་ཡོད། ད་ཆ་གདོང་དཀར་སྡེ་ཁུལ་གྱི་ལམ་ངོས་གཙང་ལ་གང་སར་མེ་ཏོག་ཁྲ་ཆིལ་ལིར་བཞད་པ་དང་། མི་རྣམས་དེ་བས་མཐུན་སྒྲིལ་ཟབ་པོ་འདུག”ཅེས་གདོང་དཀར་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ལུང་རིང་སྒྲོལ་དཀར་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།