གངས་ལྗོངས་ས་མཐོར་གཉིས་བཀུར་མེ་ཏོག་བཞད། དམག་དམངས་མཉམ་དུ་མཐའ་མཚམས་བརྟན་པོར་སྲུང་།
དུས་རབས་གསར་པའི་རང་ལྗོངས་ཀྱི་གཉིས་བཀུར་ལས་དོན་སྐོར་གྱི་སྒྲིལ་གླེང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཉིས་བཀུར་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཤིང་། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར(རྫོང)འཛུགས་གཏོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། ས་གནས་ཀྱིས་དཔུང་སྡེར་རྒྱབ་སྐྱོར་བྱེད་པ་དང་། དཔུང་སྡེས་ས་གནས་ལ་རྒྱབ་སྐྱོར་བྱེད་པ། དམངས་ཡོངས་ཀྱིས་དམག་བཀུར་བྱེད་པའི་རྣམ་པ་གཏོད་པ་བཅས་ཀྱི་ཐོག་ནས“གནས་གསུམ་གཞི་གཅིག”མཉམ་དུ་གཏོད་པར་སྐུལ་འདེད་བཏང་ཡོད། དེའི་རིང་གྲོང་ཁྱེར་6དང་རྫོང་6ལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར(རྫོང)གི་མཚན་སྙན་ཐོབ་ཡོད། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི“ལྟེ་མཐུན་སྒོར་དབྱིབས”ཇེ་ཆེར་སོང་སྟེ། མི་དམངས་ལ་དགའ་ཞེན་དང་དམག་དཔུང་ལ་དགའ་ཞེན་ཆེ་བའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་གངས་ལྗོངས་ས་མཐོར་རྒྱུན་ཆད་མེད་པར་གྲགས་ཡོད།
དམག་བཀུར་ཁྱིམ་སྐྱོང་དང་བློ་གཅིག་སེམས་གཅིག་གིས་དམག་དཔུང་གི་དཔོན་དམག་ལ་བྱ་བ་དངོས་དང་བྱ་བཟང་བསྒྲུབས་པ།
“སྲིད་གཞུང་སྡེ་ཚན་གྱིས་ལས་ཞུགས་ཀྱི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ཏིང་ཆེ་གེ་མོས་བཤད། 2025ལོའི་ཟླ་4པར་ཆབ་མདོ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་གོང་རིམ་སྡེ་ཚན་དང་མཐུན་སྦྱོར་གནད་འཁེལ་བྱས་ཏེ། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིར་བོད་ལྗོངས་གློག་གཏོང་གློག་སྐུད་འཁོར་རྒྱུག་བདག་སྐྱོང་མི་སྣ་གདན་ཞུའི་ཆ་འཕྲིན་བཏང་བ་བརྒྱུད། དམག་ཞབས་ཐིམ་པའི་དམག་མི་8ལས་གནས་གསར་པར་བདེ་བླག་ངང་བསྐྱོད་ཐུབ་ནས་ལས་ཞུགས་བརྟན་པོ་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། རྒྱ་ཆེའི་མི་དམངས་མང་ཚོགས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་བྱུང་རྗེས་དམག་བཀུར་བྱེད་རྒྱུ་མི་བརྗེད་པ་དང་དུས་རྒྱུན་དུ་དམག་འཁྲུག་གི་དུས་སྐབས་མི་བརྗེད་པར་བྱས་ཤིང་། བཅའ་སྡོད་དཔུང་སྡེ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་གཡོལ་ཐབས་མེད་པའི་འགན་འཁྲིར་བརྩིས་ཏེ། བློ་གཅིག་སེམས་གཅིག་གིས་བཅའ་སྡོད་དཔུང་སྡེ་དང་དཔོན་དམག་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབས་ཡོད།
—— འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། ཡིག་ཚགས་སོར་འཇོག་དང་། ཆ་འཕྲིན་འཚོལ་བསྡུ། མི་སྣ་སྣོན་འཕྲི་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཏེ་གཟིགས་སྐྱོང་མ་དངུལ་ཁྲིམས་དང་མཐུན་ཞིང་སྒྲིག་སྲོལ་དང་མཐུན་པའི་ངང་གཏོང་སྤྲོད་ཐུབ་པར་འགན་ལེན་བྱས་པ་དང་། དམག་ཞབས་ཐིམ་པའི་དམག་མི་དང“གཏོགས་གསུམ”གཟིགས་སྐྱོང་ལག་ཁྱེར་རེ་ཞུའི་ལས་དོན་རྒྱུན་ལྡན་ཅན་དུ་སྤེལ་བ། སྤྱི་ཚོགས་ལ་གཟིགས་སྐྱོང་དཀར་ཆག་ཁག་གཉིས་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་པ། དེའི་ཁོངས་སུ་ཕྱིར་སྐྱོད་དང་། བཟའ་བཏུང་། སྨན་བཅོས། ཡུལ་སྐོར་སོགས་གཟིགས་སྐྱོང་རྣམ་གྲངས་183གཏོགས་ཡོད།
—— གཉིས་བཀུར་ལས་དོན་དམག་མིར་ཞབས་འདེགས་ཞུ་བའི་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་བ། ཞི་བདེ་དམག་འཁྲུག་གཞི་གཅིག་གི་དམག་བཀུར་གཡུལ་སྐྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། དམག་དཔུང་དང་ས་གནས་མཉམ་རུབ་ཀྱིས་གཞུང་དོན་སྒྲུབ་པའི་ལམ་སྲོལ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ་དང་། དམག་དཔུང་དང་ས་གནས་ཀྱིས་ཕན་ཚུན་དགོས་མཁོ་གང་ཡོད་འདོན་པ་དང་ཕན་ཚུན་བྱ་བ་དངོས་སྒྲུབ་རོགས་བྱེད་པའི“གསལ་ཐོ་གཉིས”ཀྱི་ལམ་ལུགས་བཙུགས་པ་དང་འབྲེལ་དོན་འཁྱོལ་བྱས་ཤིང་། 2024ལོར་དམག་དཔུང་དང་ས་གནས་ཀྱིས་དགོས་མཁོ་167བཏོན་པར་མིག་སྔའི་བར་140ལེགས་གྲུབ་བྱུང་བ། དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་གི་རེ་སྒུག་དང་ལེན་ཧུར་ཐག་བྱས་པའི་ཁར། དམག་ཞབས་ཐིམ་པའི་དམག་མིའི་དགོས་མཁོ་དངོས་ལ་དམིགས་ཏེ་དམག་བཀུར་གཟིགས་སྐྱོང་བྱ་གཞག་ཚན་པ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།
སྲིད་བཀུར་དམངས་གཅེས། བོད་སྡོད་དཔུང་སྡེ་དང་ས་མཐོའི་བུ་ཕྲུག་དབར་བརྩེ་སེམས་ཟབ་པ།
2025ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པར་བོད་དམག་ཁུལ་ཁང་གི་ཐོན་ག་གེ་མོས་སྔོན་མངགས་ཡན་ལག་རུ་ཆུང་ཡོམ་ལྟེ་ཁུལ་དུ་གནས་ཚུལ་རྩད་ཞིབ་བྱེད་པར་བཏང་ཡོད། “དེ་ཕྱོགས་སུ་ཇི་ཙམ་བསྐྱོད་སྐབས་འགྲོ་ལམ་གས་ཚབས་དང་ཁང་པ་རྡིབ་ཚབས་དེ་ཙམ་གྱིས་ཆེ་རུ་འགྲོ་གི་འདུག”ཅེས་རུ་མི་སུང་ཝུའེ་ཁུན་གྱིས་བཤད།
ལྷུང་དངོས་བྲང་ཁར་ཕོག་པའི་རྒན་རྒོན་ཞིག་ན་ཟུག་དྲག་པོས་མནར་ནས་འགུལ་ཐབས་བྲལ། སྔོན་མངགས་རུ་ཆུང་གི་དཔོན་དམག་ཚོས་རྒན་རྒོན་དེར་གསོ་རླུང་རྔུབ་ཏུ་བཅུག་རྗེས་འཁོར་གསུམ་འཁོར་ལོར་བླུགས་ནས་སྨན་ཁང་དུ་བསྐྱལ། ནད་ཁྲིའི་སྟེང་ཉལ་བའི་རྒན་རྒོན་གྱིས་མིག་ཆུ་གཏོང་གིན་མཐེ་བོང་བསྒྲེངས་བཞིན“བཅིངས་འགྲོལ་དམག་མི་ཡག་པོ་འདུག”ཅེས་བཤད།
ལོ་མང་རིང་བོད་སྡོད་དཔུང་སྡེས་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ཞིང་། མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་དམིགས་ཡུལ་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་ཏེ། ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པར་ཕན་འབྲས་ཆེན་པོ་ཐོབ་ཡོད།
—— བོད་དམག་ཁུལ་ཁང་གིས་སྒོར་ཁྲི་1996བཏང་ནས་དམིགས་འཛུགས་རོགས་སྐྱོར་གྲོང་ཚོ་130དང“བརྒྱད་གཅིག་དམངས་གཅེས་སློབ་གྲྭ”19མུ་མཐུད་རོགས་སྐྲུན་བྱས་ཤིང་། རིམ་རྩིས་བརྒྱབ་ན་སྒོར་ཁྲི་860ལྷག་ཙམ་རི་བའི་བོད་ཀྱི་ཞིང་ཞོར་ཐོན་རྫས་སྣ་ཚོགས་ཉོས་པ་དང་། ས་ཚིགས་ལ་བརྟེན་ནས་གྲོང་ཚོར་བཅའ་སྡོད་ཏང་ཀྲི་པུའུ་དང་མཉམ་གཏོད་མཉམ་སྐྲུན་དང་མཉམ་སྦྱོང་མཉམ་སྐྱོང་བྱེད་སྒོ་ཐེངས་60ལྷག་ཙམ་སྤེལ་ཞིང་། རིམ་རྩིས་བརྒྱབ་ན་མཐའ་མཚམས་ཡུལ་མིས་ཕྱུགས་འཚོ་བ་དང་རི་སྐོར་དུ་བསྐྱོད་པ་སོགས་ལ་འགན་སྲུང་ཐེངས་2100ལྷག་ཙམ་བྱས་པ། ལོ་ལྔ་བསྟུད་མར་སྒོར་ཁྲི་60བཏང་ནས་བོད་ལྗོངས་སློབ་ཆེན་གྱི་དཀའ་ངལ་ཡོད་པའི་སློབ་མ་120ལ་རོགས་སྐྱོར་བྱས་པ་དང་སློབ་ཁྲིད་ཡོ་བྱད་500ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད།
—— མཁའ་དམག་ལྷ་ས་རྟེན་གཞིས་སྒོར་ཁྲི་55བཏང་ནས་གྲོང་ཚོའི་འཐུང་ཆུའི་གནད་དོན་ཐག་གཅོད་དང་ཞིང་ལས་ཡོ་ཆས་ཉོ་རོགས་བྱས་པ་དང་། དཔུང་སྡེའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་5སྒྲིག་འཛུགས་བྱས་ནས་གྲོང་ཚོའི་འཕྲོད་བསྟེན་ཁང་5ལ་ཆ་སྒྲིག་རོགས་སྐྱོར་བྱས་པ། “གངས་ལྗོངས་དགུང་སྔོན་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ”བཙུགས་ནས་རོགས་སྐྱོར་སློབ་གྲྭའི་སློབ་མ་400ལ་སྔ་རྗེས་སུ་རོགས་སྐྱོར་བྱས་ཡོད།
དམག་སྲིད་དང་དམག་དམངས་མཐུན་སྒྲིལ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་པ།
“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ས་ཐག་རིང་ཞིང་དཀའ་ཚེགས་ཆེ་བའི་དབང་གིས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྐབས་ཤིག་རིང་གྲོང་མི་སངས་རྒྱས་ཆོས་འཕགས་ཁྱིམ་གྱི་ནང་མི་གསུམ་ལས་མེད་རྐྱེན་ཡུལ་སྨད་ཤང་ལ“མི་གསུམ་ཤང”ཞེས་འབོད། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་། སངས་རྒྱས་ཆོས་འཕགས་ཁྱིམ་གྱི་ནང་མིས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕྱུགས་འཚོ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོང་བྱས་ཡོད། རྗེས་སུ་བོད་དམག་ཁུལ་ཁང་གི་མཐའ་སྲུང་ཡན་ལག་རུ་ཁག་ཞིག་ཡུལ་སྨད་དུ་བཅའ་སྡོད་བྱས་ནས་བོད་རིགས་མང་ཚོགས་དང་མཉམ་དུ་ཁྱིམ་གཞིས་སྲུང་སྐྱོང་དང་འཛུགས་སྐྲུན་བྱས་ཡོད། ད་ཆ་ཡུལ་སྨད་ཤང་གི་མི་འབོར་200ལས་བརྒལ་བ་དང་སྐར་ལྔའི་དར་དམར་ཁྱིམ་ཚང་ཚང་མའི་ཐོག་ཁ་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
2020ལོའི་ཟླ་10པར་ཡུལ་སྨད་ཤང་མི་དམངས་སྲིད་གཞུང་དེ་ཉིད“རྒྱལ་ཡོངས་ཀྱི་རྒྱལ་གཅེས་དམག་བཀུར་གྱི་དཔེ་སྟོན་ཚན་པར”བདམས་པ་དང་། 2024ལོའི་ཟླ་9པར་ཡུལ་སྨད་དུ་བཅའ་སྡོད་མཐའ་སྲུང་ཡན་ལག་རུ་ཁག་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མཉམ་སྡེབ”ཀྱི་མཚན་སྙན་སྤྲད་པས་ཡུལ་སྨད་ཀྱི་དམག་དམངས་རྣམས་ལ་དགའ་སྤྲོ་དཔག་མེད་སྐྱེས། འདི་ནི་ཡུལ་སྨད་དམག་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་མཉམ་དུ་ཁྱིམ་གཞིས་སྲུང་སྐྱོང་བྱས་པར་བསྔགས་བརྗོད་བྱས་པ་ཞིག་རེད།
ལོ་མང་རིང་རང་ལྗོངས་ཀྱི་དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བཞིན་བརྟན་ཞིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་དཀའ་ཉེན་མཐའ་དག་ལས་རྣམ་པར་རྒྱལ་ཏེ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་ཧུར་ཐག་བསྐྲུན་ཡོད་ལ། མཐའ་མཚམས་ས་ཁུལ་དེ་དཔལ་འབྱོར་འཕར་སྣོན་ཁུལ་གསར་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེ་དབར་ཁྲིའི་དཔེ་སྟོན་ཁུལ། རྒྱལ་སྲུང་སྲ་བརྟན་གྱི་ངར་ལྕགས་ལས་གྲུབ་པའི་ལྕགས་རི་རིང་པོ་བཅས་ཀྱི་ཐབས་མཆོག་གལ་ཆེན་ཞིག་ཏུ་བསྐྲུན་ཡོད།
དམག་གིས་དམངས་ལ་དགའ་ཞེན་བྱེད་པ་དང་། དམངས་ཀྱིས་དམག་ལ་བཀུར་བ། དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ། གོམ་སྟབས་རྗེས་མར། རང་ལྗོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ། མཐོ་རིམ་ནས་འཆར་འགོད་བྱེད་པ་དང་གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། དམག་ས་མཉམ་ལས་དང་། དམག་སྲིད་མཐུན་སྒྲིལ། དམག་དམངས་སེམས་མཐུན་བཅས་མཐའ་འཁྱོངས་བྱས་ནས་གཉིས་བཀུར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་རེད།