རང་ལྗོངས་ཀྱིས་ཐོན་ལས་འཁོར་འབྲེལ་རྒྱུན་མཐུད་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་དུ་གནས་པའི་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ལས་གྲྭའི་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་། ཨར་སྐྲུན་མི་སྣས་ལས་ཡུན་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་གྲྭའི་གཙོ་གནད་ལས་མཇུག་བསྡུ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། འཆར་འགོད་རྒྱ་ཁྱོན་མུའུ་167ཟིན་པའི་ཐོན་ལས་མཉམ་འདྲེས་རྣམ་གྲངས་དེ་2023ལོའི་ཟླ་8པར་ལས་འགོ་བཙུགས་ཚུན་འཕེལ་རིམ་བདེ་བླག་བྱུང་བ་དང་། སྔོན་དཔག་ལྟར་ན་ཟླ་5པའི་ཟླ་དཀྱིལ་དུ་འཛུགས་སྐྲུན་གཙོ་བོ་ལེགས་སྒྲུབ་ཟིན་རྒྱུ་དང་ཟླ་6པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་རྒྱུ་རེད། རྣམ་གྲངས་བསྐྲུན་རྗེས། ཐོན་རྫས་གྲུབ་མའི་ཨ་རག་ལོར་ཏུན་5000ཐོན་སྐྱེད་ཐུབ་རྒྱུ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10ལྷག་ཙམ་ཟིན་པའི་ཐོན་སྐྱེད་ནུས་པ་ལྡན་པ་དང་ལས་ཞུགས་ལས་གནས་500ལྷག་ཙམ་མཁོ་འདོན་ཐུབ་རྒྱུ་རེད།
ཅང་སུའུ་ཡི་བོད་སྐྱོར་གཙོ་གནད་རྣམ་གྲངས་ཡིན་པའི་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་ཀྱིས“ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་དང་། ཨ་རག་གྲོང་ཚོ་དབར་མཉམ་འདྲེས། ཨ་རག་དང་ཡུལ་སྐོར་མཉམ་འདྲེས”བཅས་ཀྱི་འཕེལ་རྒྱས་ཐབས་ལམ་གསར་གཏོད་འཚོལ་ཞིབ་བྱས་ཏེ་ནས་ཆང་ཐོན་སྐྱེད་ཞིབ་སྤེལ་དང་། བོད་རག་རིག་གནས་ཉམས་ལེན། ས་མཐོའི་སྐྱེ་ཁམས་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་མཉམ་འདུས་རྣམ་པའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཛུགས་གང་ཐུབ་བྱ་རྒྱུ་རེད། རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་རྣམ་གྲངས་དེ་ལས་རང་ལྗོངས་ཀྱི་གཞི་ཁྱོན་ཅན་གྱི་ཨ་རག་སྙོལ་བའི་ཐོན་ལས་ཀྱི་སྟོང་ཆ་བསྐངས་ནས་ཁྱད་ལྡན་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་བཟོ་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བར་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད་ཅེས་བཤད།
གསར་འགོད་པར་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོ་འབྲེལ་ཡོད་ལས་རིགས་གཙོ་གཉེར་སྡེ་ཚན་དང་མཉམ་དུ་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་ཁག་3དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་གསར་དར་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་བྱེད་སྒོ་ཁག་5གཉེར་ནས་ཐོན་ལས་འཁོར་འབྲེལ་གྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཡན་ལག་རུ་ཆུང་གི་ཚོང་འགུགས་བྱེད་སྒོ་ཁག་8གཉེར་རྩིས་ཡོད། དེ་དང་ཆབས་ཅིག མ་འཇོག་སྐུལ་སྤེལ་གྱི་དྲིལ་བསྒྲགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བཏོན་གནང་བའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་ཐོན་ལས་ཁག་གི་ཚོང་འགུགས་ཆེད་དོན་ཚོགས་ཆུང་དང་མཉམ་དུ་ལྗོངས་ཡོངས་ཀྱི་ཐོན་ལས་ཁག་གི་འཕེལ་རྒྱས་རོགས་སྐྱོར་སྲིད་ཇུས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་ཡང་བྱ་རྒྱུ་རེད། ལྗོངས་ཡོངས་ཀྱིས་གྲབས་གསོག་རྣམ་གྲངས་314ཇུས་འགོད་བྱས་ཏེ་གཉེར་རྒྱུ་ཡིན་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་1044.6གཏོང་རྒྱུ་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་རང་སྤུས་དང་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་བཙུགས་ནས་བཟོ་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། ཐོན་ལས་འཁོར་འབྲེལ་རྒྱུན་མཐུད་པ་ལས་གཏེར་ཁ་སྔོག་འདོན་དང་ཨར་སྐྲུན་རྒྱུ་ཆ། ཞིང་འབྲོག་ཐོན་རྫས་ལས་སྣོན། བོད་སྨན། ས་མཐོའི་ཐབ་ཆས་སོགས་སྣ་མང་ཅན་གྱི་ཐོན་ལས་མ་ལག་རིམ་བཞིན་ཆགས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་12.4%འཕར་བ་དང་ལྗང་མདོག་བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོག་ཚད་ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར་130ལྷག་ཙམ་ཟིན་གྱི་ཡོད།
སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། ཁ་གཏད་རོགས་སྐྱོར་ལ་བརྟེན་པ། རང་སྐྱོང་ལྗོངས་ཀྱིས་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་བཟོ་ལས་དཔལ་འབྱོར་སྤུས་འབྲས་ལེགས་གཉེར་ཡོང་བར་མཉམ་དུ་སྐུལ་འདེད་བཏང་ཡོད། ལྕགས་ལམ་དང་མཁའ་འགྲུལ་སོགས་གཙོ་གནད་རྣམ་གྲངས་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་སྦྲགས། བོད་ཀྱི་ཟོག་འགྲུལ་སྐྱེལ་འདྲེན་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད་པ་རེད།
ཐོན་ཁུངས་ཀྱི་རང་སྤུས་ཡག་པོ་སྤྱད་ནས་ཐོན་ལས་ཚོ་འདུས་གྲུབ་སྟེ་ཡུལ་ཕྱོགས་གཅིག་གི་མི་སེར་ལ་ཕན་པ་བསྐྲུན་ཡོད། རང་ལྗོངས་ཀྱིས་ཐོན་ལས་འཁོར་འབྲེལ“འཁོར་དཔོན་ལམ་ལུགས”ཀྱི་འགན་འཁྲི་ནན་དུ་བཏང་ནས་ཁེ་ལས་ཆེན་པོ་དང་རྣམ་གྲངས་ཆེན་པོར་བརྟེན་ཏེ་ཟངས་དང་། ལིས། རང་བྱུང་འཐུང་ཆུ། བོད་སྨན་བཅས་ཀྱི་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ས་གནས་ཁག་གིས་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་དབར་མཉམ་ལས་ལམ་སྲོལ་བཙུགས་ནས་སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་འདྲེན་ཏེ་ཐོན་ལས་འཁོར་འབྲེལ་དེ་ཟུར་སྣོན་རིན་ཐང་མཐོ་བའི་ལྷུ་ཚིགས་ལ་སྣུར་སྲིང་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
མིག་སྔར་རང་ལྗོངས་སུ་རྫམ་ཆུ་ཤུགས་གློག་ཁང་དང་མངའ་རིས་ཀྱི་འོད་ཤུགས་གློག་ཁང་སོགས་རྣམ་གྲངས་གལ་ཆེན་བསྐྲུན་པ་དང་ཆབས་ཅིག “རླུང་ནུས་དང་། འོད་ནུས། ཆུ་ནུས། གསོག་ནུས”བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་འབྱུང་འཕྲོད་གློག་ཤུགས་ཕྱིར་གཏོང་དང་ཆིང་ནུས་ཐོན་ལས་ཀྱི་བཀོད་པར་སྐུལ་འདེད་བཏང་ཡོད། ཁིར་དང་། ཟངས། ལིས་སོགས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དེ་ཐོག་མའི་ལས་སྣོན་ནས་བཟོ་སྐྲུན་རྩེ་གྲའི་ཕྱོགས་སུ་སྣུར་སྲིང་བྱས་ཏེ“སྔོག་འདོན—ལིས་བཙོ་སྦྱང—རྒྱུ་ཆ་ལས་སྣོན”བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཆགས་ཡོད།
མིག་སྔར་རང་ལྗོངས་སུ་བཟོ་ལས་ཁེ་ལས་3600ཙམ་ཡོད་པ་དང་གྲངས་འཛིན་དཔལ་འབྱོར་ཁེ་ལས་3734ཡོད། “ནུང་ཧྥུ་ཧྲན་ཆོན་ཉིང་ཁྲིའི་ཐུམ་སྒྲིལ་འཐུང་ཆུའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོ་སྔོན་དཔག་ལྟར་ན་ཟླ་5པའི་ཟླ་མཇུག་ཏུ་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ”དང་། “རབས་གཉིས་པའི་ཇ་བསྲུབས་འཕྲུལ་ཆས་དང་ཏུའུ་100ཡི་ས་མཐོའི་མོག་ཕྲུ”“ཞུས་ཀུང་འཕྲུལ་འཁོར་ཉིང་ཁྲིའི་ལེ་ལག་ཚང་བའི་ཞབས་ཞུའི་ལྟེ་བའི་རྣམ་གྲངས་ལས་འགོ་བཙུགས་པ” “ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ”སོགས་ཀྱིས་ད་ལོ་རང་ལྗོངས་ཀྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་ལེའུ་ཞིག་རྩོམ་རྒྱུ་རེད།