དབུ་ཤོག>ཆེད་སྒྲིག>“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་།“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད།
  • “མཐོ་སྒང་གི་གཅེས་ནོར”ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ།

    རང་ལྗོངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-22

    རང་སྐྱོང་ལྗོངས་ཀྱི་སྐམ་འཚོའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པ་ལས་མངོན་པར་གཞིགས་ན། རང་ལྗོངས་སུ་སྐམ་འཚོའི་སྒལ་ཚིགས་སྲོག་ཆགས་རིགས་1072ཡོད་པའི་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་246དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་68 རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་178བཅས་ཡོད། ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་ལམ་སྲོལ་རིམ་བཞིན་བཙུགས་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་དོ་དམ་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། ས་གནས་ཀྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ། སྲུང་སྐྱོང་མ་ལག་གི་རྨང་གཞིའི་སྒྲིག་བཀོད་མ་འཇོག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་སོགས་ལས། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྲུང་སྐྱོང་བྱེད་པའི་སྲོག་ཆགས་རིགས་དང་ཁྱུ་ཚོགས་མང་ཆེ་བའི་གྲངས་འབོར་མངོན་གསལ་དོད་པོས་འཕར་ཡོད།

    གཞི་རིམ་གྱི་དོ་དམ་སྲུང་སྐྱོང་དཔུང་ཁག་རྒྱུན་མཐུད་སྟོབས་ཆེར་ཕྱིན་པ།

    ཤན་རྩ་རྫོང་ནི་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བར་གནས་ཡོད། དེ་གར་ཡངས་བའི་རྩྭ་ཐང་དང་། མཚོ། འདམ་ར་བཅས་མང་པོ་ཡོད་པས་ཁྲུང་ཁྲུང་སྐེ་ནག་གི་དགའ་ཚལ་དང་གཙོད་ཀྱི་ཕ་ས་ལྟ་བུ་ཡིན་པ་མ་ཟད། ད་དུང་གསའ་དང་ཆུ་སྲམ་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་མང་པོའི་འཚོ་སྡོད་བྱ་ཡུལ་ཡང་རེད།

    ཤན་རྩ་རྫོང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན། ལོ་ལྟར་བྲེལ་འཚུབ་ཆེ་ཤོས་ཀྱི་དུས་ཚོད་གཉིས་ནི་ཟླ་5པ་ནས་6པའི་བར་དང་ཟླ་12པ་རེད། “ཟླ་ལྔ་པ་ནི་ཁྲུང་ཁྲུང་སྐེ་ནག་གིས་སྒོ་ང་སྙོལ་བའི་དུས་ཚིགས་ཡིན་པ་དང་། ཟླ་དྲུག་པ་ནི་གཙོད་ལ་གཙོད་ཕྲུག་བཙའ་བའི་དུས་ཚིགས་ཡིན་པས། ང་ཚོས་སྐོར་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་དེ་དག་བདེ་བླག་ངང་སྐྱེ་འཕེལ་ཡོང་ཐབས་བྱེད་ཀྱི་ཡོད”ཅེས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པ“དམག་མི་རྒན་གྲས”ཚུལ་ཁྲིམས་མཐར་ཕྱིན་གྱིས་བརྗོད་པ་དང་། ཁོང་གིས“ཟླ་བཅུ་གཉིས་པ་ནི་གཙོད་ཁྲིག་སྦྱོར་བྱེད་པའི་དུས་ཚིགས་ཡིན་པས། གཙོད་ཕོའི་དབར་ཁྲིག་སྦྱོར་དབང་ཆའི་ཆེད་དུ་འཁྲུག་རྩོད་བརྒྱབ་ནས་རྨས་སྐྱོན་ཕོག་པ་ནི་རྒྱུན་མཐོང་གི་གནས་ཚུལ་ཞིག་རེད། ང་ཚོས་གཙོ་བོ་རྨས་སྐྱོན་ཕོག་པའི་གཙོད་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་ཀྱི་ཡོད”ཅེས་བརྗོད།

    ཚུལ་ཁྲིམས་མཐར་ཕྱིན་དང་འདྲ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པ་རང་ལྗོངས་སུ་ད་དུང་མང་པོ་ཡོད། མིག་སྔར་ལྗོངས་ཡོངས་སུ་ཁྱོན་དོ་དམ་སྲུང་སྐྱོང་ས་ཚིགས་ཁག་300ལྷག་ཙམ་བཙུགས་པར། དོ་དམ་སྲུང་སྐྱོང་པ་2000ལྷག་ཙམ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་པ་ཁྲི་1.6ལྷག་ཙམ། འདམ་རའི་ལྟ་འདོམས་པ་ཁྲི་3.9ཙམ་བཅས་བཀོད་སྒྲིག་བྱས་ཡོད་པ་རེད།

    རི་སྐྱེས་སྲོག་ཆགས་ཀྱི་ཆག་སྒོའི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།

    བྱང་རྩྭ་ཐང་དུ་འབྲོག་པའི་འཚོ་བ་སྐྱེལ་ཁུལ་ནི་རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས་ཀྱང་རེད། འབྲོག་པ་རྣམས་ཀྱི་ངོས་ནས་བརྗོད་ན། རི་སྐྱེས་སྲོག་ཆགས་རེ་རེ་ནི་རྩྭ་ཐང་དེའི་ཁོངས་མི་རེད། བྱམས་པ་བསྟན་འཛིན་ནི་བྱང་རྩྭ་ཐང་སྟེང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་ཞིག་རེད། 2023ལོའི་མཚན་མོ་ཞིག་ལ། གྲོང་མི་ཞིག་གི་ནོར་ལུག་ལ་སྤྱང་ཀིའི་འཇབ་རྒོལ་ཕོག་ནས་བེའུ་ཞིག་སྤྱང་ཀིས་ཟས་པ་ཕུད། ད་དུང་ལུག་གཅིག་ལ་རྨས་སྐྱོན་བཏང་ཡོད།

    “འབྲོག་པའི་གྱོང་གུན་ཁ་གསབ་བྱ་ཆེད། སྲིད་གཞུང་གིས་ཁ་གསབ་ལམ་སྲོལ་བཙུགས་པ་རེད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པ་ཞིག་ཡིན་པའི་ངོས་ནས་ངས་ཕྱུགས་རིགས་ཤི་རྨས་ཀྱི་གནས་ཚུལ་དང་གྲངས་འབོར་རྩད་གཅོད་དང་ཐོ་འགོད་བྱེད་དགོས་ཤིང་། སྲིད་གཞུང་གིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁ་གསབ་སྤྲོད་ཀྱི་ཡོད”ཅེས་བྱམས་པ་བསྟན་འཛིན་གྱིས་གསར་འགོད་པར་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱི་སྐམ་སྐྱེས་རི་སྐྱེས་སྲོག་ཆགས་ཀྱིས་སྤྱི་དམངས་ཀྱི་ཚེ་སྲོག་ལ་གནོད་འཚེ་བཏང་བ་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པའི་ཁ་གསབ་སྤྲོད་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་6:3:1གི་བསྡུར་ཚད་ལྟར་མ་དངུལ་གྲབས་གསོག་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བཟོས་པར་ཁ་གསབ་སྤྲོད་ཀྱི་ཡོད་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ལྗོངས་ཡོངས་སུ་རི་སྐྱེས་སྲོག་ཆགས་ཀྱིས་ཆག་སྒོ་བཟོས་པར་ཁ་གསབ་དངུལ་སྤྲོད་ཚད་སྒོར་དུང་ཕྱུར་4.76ཟིན་ཡོད་པ་རེད།

    མཐུན་སྦྱོར་མཉམ་འགུལ་བྱས་ནས་ཁྲིམས་འགལ་གྱི་ཉོ་ཚོང་རྡུང་རྡེག་ཚ་ནན་བཏང་བ།

    2023ལོ་ནས་2024ལོ་བར། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་པ་ཆེ་གེ་མོས་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་དོགས་གཞི་ཡོད་པའི་གྱོད་གཞི་ཞིག་བདག་གཉེར་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། པ་ཆེ་གེ་མོས་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཤྭ་བ་སེར་ཆེན་རྔོན་བརྒྱབ་པ་དང་བསད་ཡོད་པ་རེད། པ་ཆེ་གེ་མོའི་བྱེད་སྤྱོད་དེས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་སྐྱོན་ཚབས་ཆེན་བཏང་བ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཟོས་ཡོད། 2023ལོའི་ཟླ་12པར། གོང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་གཏུག་བཤེར་བྱས་ནས་པ་ཆེ་གེ་མོས་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་གྱོང་གུན་དངུལ་མི་དམངས་ཤོག་སྒོར་ཁྲི་3སྐྱིན་ཚབ་འཇལ་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་སྤྱི་དམངས་ལ་དགོངས་དག་ཐུགས་བདེན་ཞུ་དགོས་པའི་བཀའ་བཏང་བ་རེད།

    པ་ཆེ་གེ་མོའི་ཉེས་དོན་འགན་འཁྲི་བདའ་འདེད་བཏང་བ་དང་ཆབས་ཅིག་དམངས་དོན་སྐྱིན་ཚབ་ཀྱི་འགན་འཁྲི་ཡང་འཁུར་དུ་བཅུག་པས། ཁྲིམས་འཛིན་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ནུས་པ་མཚོན་ཡོད་པ་དང་ཁྲིམས་འགལ་གྱི་རི་སྐྱེས་སྲོག་ཆགས་ཉོ་ཚོང་ལ་ཕྱོགས་ཡོངས་ནས་བཀག་འགོག་དང་ཆད་པ་བཅད་དེ་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་རང་རྟོགས་ངང་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ཁུལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    2023ལོ་ནས་བཟུང་། ལྗོངས་ཡོངས་སུ་ཁྲིམས་སྒྱུར་རླངས་འཁོར་ཐེངས་5871དང་ཁྲིམས་སྒྱུར་མི་སྣ་མི་ཐེངས་16455བཏང་ནས་རིམ་རྩིས་བརྒྱབ་ན་རི་སྐྱེས་སྲོག་ཆགས་འཚོ་གནས་ཁུལ་3148དང་། མི་ཐབས་གསོ་སྤེལ་བྱ་ཡུལ་17 གཉེར་སྐྱོང་བེད་སྤྱོད་བྱ་ཡུལ་8850 སྦྲག་བསྐུར་ས་ཚིགས་426 འགྲིམ་འགྲུལ་སྐྱེལ་འདྲེན་ས་ཚིགས་180 འགག་སྒོ་དང་མཚོ་རྒྱུད་མཐའ་མཚམས་ས་ཁུལ་18བཅས་ལ་ལྟ་སྐུལ་ཞིབ་བཤེར་དང་། ཟོག་འདྲེན་རླངས་འཁོར་ཐེངས་3000ལྷག་ཙམ་ལ་ཞིབ་བཤེར་བྱས་ནས། རི་སྐྱེས་སྲོག་ཆགས་རྩི་ཤིང་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་32ཞིབ་གཅོད་དང་ཁྲིམས་འགལ་ཉེས་གསོག་པ་67ཁྲིམས་སྦྱར་བྱས་ཡོད་པ་རེད།

    “གོམ་སྟབས་རྗེས་མར། ང་ཚོས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལ་རང་འགུལ་སྔོན་བརྡ་གཏོང་བའི་ལམ་སྲོལ་སོགས་འཛུགས་པར་སྐུལ་འདེད་གཏོང་བ། རི་སྐྱེས་སྲོག་ཆགས་ལ་མུ་མཐུད་སྲུང་སྐྱོང་ཤུགས་ཆེན་བཅས་བྱས་ནས་མི་དང་སྲོག་ཆགས་ཞི་མཐུན་མཉམ་གནས་ཡོང་བ་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་རྩི་ཤིང་དང་། འདམ་རའི་ཐོན་ཁུངས་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།