སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི“མཉམ་སྒྲོག་རོལ་དབྱངས”
—— ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་ས་གནས་ས་ཐོག་གི་ལྟ་ཞིབ།
བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཅི་དགར་རོལ། ལག་གདང་སྦྲེལ་ནས་རྒྱང་སྐྱོད་ལམ་བུ་གསར་པ་གཏོད། ཟླ་6ཚེས་16ནས་ཚེས་18ཉིན་བར་རིག་གནས་དང་ཡུལ་སྐོར་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ(བསྡུས་མིང་ལ“བོད་ལྗོངས་འགྲེམས་ཚོགས”)ལྷ་སར་གཉེར་བ་རེད།
སྨི་ངོས་གྲུ་ཁྲི་1.4ཟིན་པའི་འགྲེམས་སྟོན་བྱ་ཡུལ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་འགྲེམས་ཞུགས་ཁེ་ལས་སྟོང་ལ་ཉེ་བ། འགྲེམས་ཞུགས་ཐོན་རྫས་སྣ་ཁ་ཁྲི་ཙམ་སོགས་བོད་ལྗོངས་འགྲེམས་ཚོགས་གཉེར་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་རེད། སྲོལ་རྒྱུན་གྱི་སྒྱུ་རྩལ་དང་། མཐོ་གསར་གྲངས་འཛིན། དཔལ་འབྱོར་ཚོང་དོན་ཟོག་འགྲེམས་སོགས་ཀྱི་འགྲེམས་ཁུལ་ཁག་ཏུ་གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་ངོ་མཚར་རབ་ཏུ་ཆེ། དྭངས་གཙང་ཧྥུའུ་ཅན་ནས་མཛེས་ལྡན་ཤིན་ཅང་བར་དང་། དབྱི་ཐ་ལི་ནས་ཕ་ཁི་སི་ཐན་བར་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོ“ཉི་འོད་གྲོང་ཁྱེར”དུ་འཛོམས་ནས་བོད་ཀྱི་རང་བྱུང་ཡུལ་ལྗོངས་ཀྱི་མཛེས་པ་དང་། ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་མཛེས་པ། མི་རིགས་ཀྱི་ཡུལ་སྲོལ་མཛེས་པ། བསྟུན་མཁས་སྒོ་དབྱེའི་མཛེས་པ་བཅས་མཉམ་དུ་ལོངས་སུ་སྤྱད་ཡོད།
སྲོལ་རྒྱུན་རིག་གནས་དུས་རབས་ཤིག་གི་མི་སེམས་ལ་ཟུག་པ།
ཐང་ག་འབྲི་བཞེངས་དང་། དཔེ་རྙིང་ཉམས་གསོ། བོད་རུམ་འཐག་པ་སོགས“རིག་གནས་བོད་ལྗོངས”འགྲེམས་ཁུལ་གྱིས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག
ཀརྨ་བསྟན་འཛིན་ཐང་ག་བཞེངས་ནས་ལོ་30ལྷག་ཙམ་སོང་ཞིང་། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ལ་ཁོང་གིས་ཚབ་མཚོན་བརྩམས་ཆོས་རྩེ་གྲ་འགའ་ཁྱེར་ཡོད། “བོད་ལྗོངས་འགྲེམས་ཚོགས་ཀྱིས་ང་ཚོར་འགྲེམས་སྟོན་གྱི་ལས་སྟེགས་ཤིག་སྤྲད་ཡོད། རྒྱུན་དུ་གོ་སྐབས་ཡག་པོ་དེ་འདྲ་མེད། ད་ལྟ་ངས་མི་དེ་བས་མང་བར་མཛེས་སྡུག་ལྡན་པའི་ཐང་ག་མཐོང་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཀརྨ་བསྟན་འཛིན་གྱིས་འཛུམ་དམུལ་དམུལ་ངང་བཤད།
སྨི་བཅུ་ཙམ་གྱི་ས་ནས་འཐུལ་བའི་སྤོས་ཀྱི་དྲི་བསུང་གིས་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད་ཅིང་། རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག“སྙེ་མོའི་སྤོས”ཀྱི་རྒྱུན་འཛིན་པ་དཔའ་སྟོབས་ཀྱིས་ཡུལ་སྐོར་བར་སྤོས་བཟོ་བའི་ལག་རྩལ་ངོ་སྤྲོད་བྱེད་བཞིན་ཡོད་པ་མ་ཟད། ད་དུང་སྤོས་ལ་དགའ་པོ་བྱེད་མཁན་ཡུལ་སྐོར་བར་སྤོས་ཀྱང་ལག་རྟགས་སུ་སྤྲོད་ཀྱི་ཡོད་པ་རེད། ཁོང་གིས“སྤོས་ལ་རྩ་ཆེའི་སྨན་རྒྱུ་སྣ་ཚོགས་འདུས་ཡོད་པས་ལུས་ཟུངས་གསོ་བའི་ནུས་པ་ངེས་ཅན་ལྡན་ཡོད། ངའི་རེ་བ་ནི་སྤོས་ཀྱི་དྲི་ཞིམ་གང་སར་འཐུལ་ཐུབ་པ་བྱེད་རྒྱུ་དེ་ཡིན”ཞེས་བཤད།
ཤེས་དཔལ་ཕན་ཚུན་དཔྱད་གཞིར་བཟུང་ནས་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་པ།
དབྱི་རན་དང་། དབྱི་ཐ་ལི། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་16གི་ཁེ་ལས་60ཡིས་སྤུས་ལེགས་ཀྱི་ཚོང་ཟོག་སྣ་ཁ་630ཁྱེར་ནས་འགྲེམས་ཚོགས་ལ་ཞུགས་པས། བོད་ལྗོངས་འགྲེམས་ཚོགས་དེ“གྲོགས་ཚོགས”རྒྱ་ཆེར་གཏོང་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་གར་སྟེགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
ནེ་པ་ལའི་ཚོང་པ་སང་ཐུའོ་ཧྲེན་བོད་ལྗོངས་འགྲེམས་ཚོགས་ལ་ཞུགས་ཐེངས་དང་པོ་ཡིན་པ་དང་། འཁྲུག་ཆ་དོད་པའི་རྣམ་པ་དེར་ཁོང་ཧ་ལས་ཧང་སང་ཞིང་། “ཀྲུང་གོ་ནི་ཧ་ཅང་རྒྱ་ཆེ་བ་དང་མངོན་མེད་ཀྱི་ནུས་པ་ལྡན་པའི་འཛད་སྤྱོད་ཁྲོམ་ར་ཞིག་ཡིན་པ་སྨོས་མི་དགོས། སླད་ཕྱིན་ང་ཚོ་བོད་དུ་ལྟ་སྐོར་བྱེད་པར་ཡོང་ནས་བོད་ལྗོངས་འགྲེམས་ཚོགས་ལ་སླར་ཡང་ཞུགས་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་བཤད།
སང་ཐུའོ་ཧྲེན་གྱི་འགྲེམས་སྟེགས་དང་མི་རིང་བའི་སར་ལས་དོན་མི་སྣ་ཁ་ཤས་ཀྱིས་དྲ་རྒྱའི་ཐད་གཏོང་ཁང་ནས་འཛམ་གླིང་ཡོངས་ལ་བོད་ལྗོངས་འགྲེམས་ཚོགས་འོས་སྦྱོར་བྱེད་བཞིན་འདུག འགན་འཁུར་བ་ཞིག་གིས“ང་ཚོས་བྱ་ཐབས་གསར་པ་ཧུར་ཐག་སྤྱོད་པ་དང་རླབས་རྒྱུན་གསར་པར་དམ་འཛིན་བྱས་ནས་ཚང་མས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ནས‘བོད་ལྗོངས་འགྲེམས་ཚོགས་ཀྱི་གཏམ་རྒྱུད’ཡག་པོ་ཤོད་དགོས”ཞེས་བཤད།
རིག་ལྡན་ལག་རྩལ་ལ་བརྟེན་ནས་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བ།
བོད་ལྗོངས་འགྲེམས་ཚོགས་ལ་ཁེ་ལས་མང་པོ་ཞིག་གིས་སྤྲིན་ཚོམ་རྩིས་རྒྱག་དང་གྲངས་གཞི་ཆེ་མོ་སོགས་སྔོན་ཐོན་ལག་རྩལ་སྤྱད་དེ་མང་ཚོགས་ལ་བློ་གྲོས་ཀྱི་ཐག་གཅོད་ཇུས་གཞི་རབ་དང་རིམ་པ་མཁོ་འདོན་བྱས་པས་ཡུལ་སྐོར་བ་ཚོའི་མཐོང་རྒྱ་ཆེ་རུ་ཕྱིན།
བོད་ལྗོངས་ལན་ཐུང་སྲིད་གཞུང་དང་ཁེ་ལས་ཀྱི་བྱ་གཞག་པུའི་སྤྱི་ཁྱབ་ལྟ་ཞིབ་པ་ལིའུ་ཁྲུན་ལིན་གྱིས་གསར་འགོད་པར། བོད་ལྗོངས་ལན་ཐུང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི“རིག་ལྡན་ཞིང་འབྲོག་ལས”མ་ལག་གིས་དུས་དང་རྣམ་པ་ཀུན་ཏུ་ཕྱུགས་རིགས་ཀྱི་གནས་གཏན་འཁེལ་བྱེད་ཐུབ་པ་མ་ཟད། གྲངས་གཞི་ཆེན་པོ་འདེགས་སྐྱོར་དུ་བྱས་ཏེ། ཕྱུགས་རིགས་ཀྱི་སྐྱེ་འཚར་གནས་ཚུལ་ཁུངས་འདེད་ཆོག་གི་ཡོད། “བོད་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། མ་ལག་དེ་འབྲོག་པའི་ངོས་ནས་བརྗོད་ན་སྤྱོད་གོ་ཆོད་པ་མ་ཟད། ད་དུང་འཛད་སྤྱོད་པར་བློ་བདེའི་ཚོང་ཟོག་ཉོ་རོགས་བྱེད་ཐུབ”ཅེས་བཤད།
“བོད་ལྗོངས་འགྲེམས་ཚོགས་གཉེར་རྩིས་ཡོད་པ་ཐོས་འཕྲལ་ངས་ཐེ་ཚོམ་སྤུ་ཙམ་མེད་པར་དང་བླངས་པར་མིང་ཐོ་བཀོད་པ་ཡིན”ཞེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་མ་ཀླུ་མོ་སྒྲོལ་མས་བཤད། ཞིབ་ཚགས་ལ་འཐུས་སྒོ་ཚང་བའི་འགྲེམས་ཚོགས་ཀྱི་ཞབས་འདེགས་ལས་ཁྲུང་ཆིང་གི་ཡུལ་སྐོར་བ་ཝང་ཡོན་ཡོན་ནང་མི་གསུམ་པོ་དགའ་ཚོར་ཆེན་པོ་བྱུང་ཞིང་། “ལས་དོན་མི་སྣ་སེམས་རྩ་འཁོལ་པོ་འདུག་ལ་འགྲེམས་རྫས་ཀྱང་ཕུན་སུམ་ཚོགས་པོ་འདུག དེ་དག་ལས་ངས་བོད་ཤེས་རྟོགས་ཡག་པོ་ཐུབ་བྱུང་ལ་ང་དང་ཕྲུ་གུ་ཚོ་ཡང་ཧ་ཅང་དགའ་པོ་བྱུང”ཞེས་བཤད།
འཐབ་ཇུས་སྒྲོམ་གཞིའི་གྲོས་མཐུན་7ལ་མིང་རྟགས་བཀོད་པ་དང་། རྣམ་གྲངས་60ལ་གན་རྒྱ་བཞག་པ། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་531.83བཏང་བ་སོགས་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་། རྒྱལ་ཡོངས་ཀྱི་ཁྱབ་འགྱེད་ནུས་པ། ས་ཁོངས་ཀྱི་སྐུལ་ཁྲིད་ནུས་པ་བཅས་ལྡན་པའི་བོད་ལྗོངས་འགྲེམས་ཚོགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཡིད་དབང་འཕྲོག་ཤུགས་ཁྱོན་ཡོངས་ནས་མངོན་པར་བྱེད་པའི་གསེར་གྱི་མིང་བྱང་དུ་གྱུར་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུའང་གྱུར་ཡོད།
སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི“མཉམ་སྒྲོག་རོལ་དབྱངས”དཀྲོལ་བ་དང་། གདེང་ཚོད་དང་། བསྟུན་མཁས། སྒོ་དབྱེ་བཅས་ཀྱི་བོད་ལྗོངས་གསར་པ་འདི་ཉིད་རྒྱལ་ཡོངས་མི་དམངས་དང་མཉམ་དུ་མགོ་འཕང་མཐོ་ལ་གོམ་ཞེང་ཆེན་པོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་ལམ་གསར་པར་སྐྱོད་བཞིན་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་19ཉིན་འབྱོར་པའི་གློག་འཕྲིན)