དབུ་ཤོག>ཆེད་སྒྲིག>ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད།>དོ་གནད།
  • དོན་འཁྱོལ་དོན་འཁྱོལ་སླར་ཡང་དོན་འཁྱོལ་བྱས་ཏེ“འཛུགས་གཏོད་བཞི”ཡི་རྒྱུགས་ལན་གསར་པ་ཕུལ་བ།

    —— རང་ལྗོངས་ཀྱིས་2023ལོར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    ལེ་ཚན་གཏོད་པའི་གཏམ།

    དུས་ཚོད་ཀྱིས་འབད་འཐབ་ཟིན་ཐོར་བཀོད་ཅིང་། དངོས་སུ་བསྒྲུབས་པས་འབྱུང་འགྱུར་ཐོབ།

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་སྟར་འགོ་ཚུགས་པའི་ལོ་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཡང་རེད།

    འདི་ལོ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་པ། གདེང་ཚོད་བརྟན་དུ་གཏོང་བ་དང་གསར་འབྱེད་ཡར་བརྩོན་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ཡོད།

    2023ལོར་ཕྱིར་མིག་ལྟ་སྐབས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སྤྱོད་ཚུལ་སྔར་བས་ཏན་ཏིག་དང་། ལས་དོན་སྔར་བས་རང་འགུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གྲུབ་འབྲས་གསར་པ་ཐོབ་པ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྣམ་པ་གསར་པ་གཏོད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྣམ་པ་གསར་པ་མངོན་པ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལེའུ་གསར་པ་གཏོད་པ། ཏང་འཛུགས་སྐྱོང་ཐད་རྣམ་པ་གསར་པ་གཏོད་པ་བཅས་ལ་སྐུལ་འདེད་བཏང་བས། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།

    དེ་རིང་ནས་བཟུང་“2023ལོར་ཕྱིར་མིག་ལྟ་བའི”ལེ་ཚན་བཏོན་ནས་ལོ་གཅིག་རིང་གི་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་དང་བཀྲག་མདངས་འཚེར་ས་ཕྱོགས་ཡོངས་ནས་མངོན་པར་བྱེད་ཀྱི་ཡིན་པས་དོ་ཁུར་ཡོད་པ་ཞུ།

    ཟླ་12ཚེས་5ཉིན་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭ་གཙོ་བོ་ཤར་གཏོང་ཐུབ་ཡོད། འདི་ནི་དེ་ཉིན་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ཚད་ལྡན་དུམ་བུ་བཅུ་གཉིས་ཀྱི་ཆོས་ལུང་ཡར་ཀླུང་གཙང་པོའི་ཟམ་ཆེན་ལ་སྣུམ་ནག་འདིང་བཞིན་པ།

    2023ལོར་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ནས་བོད་ཀྱི་ལས་དོན་ལ་བསམ་གཞིག་དང་ཇུས་འགོད་བྱས་ཚེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་ལ་དེ་བས་བསམ་ཤེས་བྱེད་ཐུབ།

    ལོ་ཧྲིལ་པོར་ཕྱིར་མིག་ལྟ་སྐབས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་གཅིག་མཐུན་དང་མཐུན་སྒྲིལ་འབད་འཐབ་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ལས་སླ་པོར་བྱུང་བ་མིན་པའི་གྲུབ་འབྲས་ཐོབ་ཡོད།

    བརྟན་ལྷིང་གི་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་གཏིང་ཟབ་བྱས་པ།

    ལྷ་སའི་ཁྲོམ་གཞུང་ཆེ་ཆུང་ཁག་ཏུ་སྐྱོད་སྐབས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་རྣམ་པ་གང་སར་མཐོང་རྒྱུ་ཡོད་ལ། གཙུག་ལག་ཁང་མཐའ་སྐོར་གྱི་བར་སྐོར་ཁྲོམ་གཞུང་དུ་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་ཕྱོགས་བཞི་མཚམས་བརྒྱད་ནས་སླེབས་པའི་མི་རིགས་ཁག་གི་ཚོང་དུད་ཧ་ཅང་མང་པོ་ཡོད།དེ་གར་ཚོང་རྒྱག་པར་སླེབས་པའི་ས་གནས་གཞན་གྱི་མི་མི་ཉུང་བ་ཞིག་ས་གནས་དེ་གའི་འཚོ་བར་གོམས་ཟིན་པ་མ་ཟད། ད་དུང་བོད་རིགས་ཀྱི་གྲོགས་པོ་མང་པོ་བསྒྲིགས་ཡོད། “ང་ཚོའི་མཛའ་གྲོགས་ནི་ཇ་བསྲུབས་མ་ནང་བཞིན་མར་དང་ཇ་ཁུ་འབྲལ་ཐབས་མེད་པ་ལྟ་བུ་རེད”ཅེས་བར་སྐོར་ཁྲོམ་གཞུང་གི་ཚོང་པ་ཀྲང་ཆོན་ལུའུ་ཡིས་བཤད།

    དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རོགས་རེས་དང་བདེ་སྡོད་ལས་བརྩོན་བྱས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་གཏོད་པའི་མཚོན་ཚུལ་དངོས་ཤིག་ཀྱང་རེད།

    རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་བསམ་བློ་དང་སེམས་སུ་ཟུག་པར་བྱེད་པའི་འདུ་འགོད་སོགས་ཀྱི“འདུ་འགོད་ཆེན་པོ་བཞིར”སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རང་རེའི་ཀྲུང་ཧྭ་ལ་དགའ་བའི“ས་སོན་འདེབས་པའི”བྱ་སྤྱོད་སོགས་ཀྱི“བྱ་སྤྱོད་དྲུག”ཏན་ཏིག་སྤེལ་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་རྩི་བ་བཅས་བྱས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ་དང་། ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན། ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་བཅས་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་སྤེལ་བ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་མཐུད་ཟབ་ཏུ་གཏོང་བ། དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཡོད།

    ད་ཆའི་བོད་དུ་མི་རིགས་ཁག་གི་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས། མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་དགའ་བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་140དང་དཔེ་བཟང་མི་སྒེར་189ཡོད་པ་དང་། གྲོང་ཁྱེར་དང་ས་ཁུལ་བདུན“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར(ས་ཁུལ)ལ་ལེགས་གྲུབ་ལྡན་པའི་ངང་བཏོད་པ་དང་། ཀྲུང་གོའི་སྐྱིད་སྣང་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་མིང་ཐོར་ལྷ་ས་གྲོང་ཁྱེར་ཐེངས་བདུན་ཚུད་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་ལོ་མང་བསྟུད་མར་99%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཀྱི་མྱུར་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།

    མི་ཡི་འཚོ་རྟེན་ཟས་ཞེས་ཤོད་སྲོལ་ཡོད་ཅིང་། ས་བབ་མཐོ་བ་དང་། དབུགས་གནོན་དམའ་བ། ཁོལ་ཚད་དམའ་བ་བཅས་ཀྱི་རྐྱེན་པས་ཟས་རིགས་ཚོས་ཁག་པོ་ཡོད། ས་མཐོའི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི“དོན་ཆུང”དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དམངས་འཚོའི་ལས་དོན་གྱི“དོན་ཆེན”ཞིག་ཏུ་གྱུར་ཡོད།

    དམངས་འཚོའི་དོན་ཆེན་ཐག་གཅོད་ཡག་པོ་བྱ་ཆེད། ལྗོངས་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། མིག་ལ་མཛེས་པ་དང་། སྤྱོད་བདེ་བ། གོང་ཁེ་བ་བཅས་ཀྱི་རྩ་དོན་ལྟར་ས་མཐོའི་དབུགས་རྡིག་ནུས་ཤུགས་ཡོད་རྒུས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་བ་རེད། དུས་ཡུན་ལོ་གཅིག་ཀྱང་མ་སོང་བར་ས་མཐོའི་ཁུལ་གྱི་ནུས་མང་གཡོས་སྦྱོར་ཐབ་ཆས་རབ་དང་རིམ་པའི་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། འཁོར་སྐྱོད་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་བཅས་པས། ས་མཐོའི་འཚོ་བ་དངོས་དང་འཚམ་པའི་ས་མཐོའི་ཐབ་ཆས་ཐོན་རྫས་རབ་དང་རིམ་པ་སྔ་རྗེས་སུ་ཐོན་ནས་ནུས་མང་ཐབ་ཆས་དང་། རླངས་སྒམ། གློག་ལྡིར། རྒྱུན་གཏན་འཚོ་བའི་མཁོ་ཆས། ཕྱི་རོལ་མཁོ་ཆས་སོགས་རིགས་ཆེ་གྲས་7གྱི་ཐོན་རྫས་རིགས་30ལྷག་ཙམ་བཟོས་པ་དང་རིགས་18ལ་ཁེ་བེད་རེ་འདུན་ཞུས་ནས་ཐོབ་ཡོད་པ་རེད།

    ས་མཐོའི་ཐབ་ཆས་གསར་པ་ཆུང་ཆུང་དེ་དག་ལས་ཞིམ་ཟས་གཡོས་སྦྱོར་བྱེད་ཐུབ་པ་མ་ཟད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་བས་མངོན་ནས་སེམས་པ་དྲོ་སོབ་སོབ་ཏུ་ཆགས་ཀྱི་ཡོད།

    ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་དང་། འཕེལ་རྒྱས་དོ་མི་མཉམ་པ་དང་ཆ་མི་ཚང་བའི་གནད་དོན་ལ་དམིགས་པ། ནུས་ལྡན་གྱི་མ་དངུལ་གཏོང་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲོན་བོད་ལྕགས་ལམ་སོགས་རྨང་གཞིའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ནུས་རྒྱུ་གཙང་མ་དང་། གྲངས་འཛིན་དཔལ་འབྱོར། རྒྱུན་སྤྱོད་མཁའ་འགྲུལ་སོགས་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་སྟར་བ་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་འབབ་སར་མཐའ་འཁྱོངས་རྩི་བ། ལས་ཞུགས་ལས་གཏོད་དང་། སློབ་གསོ་སྔོན་ལ་འཇོག་པ། བདེ་ཐང་བོད་ལྗོངས་སོགས་ཀྱི“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་གཏིང་ཟབ་སྟར་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཟམ་མི་ཆད་པར་བསྐངས་ཡོད།

    ད་ཆའི་བོད་དུ་ཐོན་ལས་འཕེལ་རྒྱས་རྒྱུན་མཐུད་བརྟན་པོ་དང་རིམ་བཞིན་འཕར་བ་དང་། དཔལ་འབྱོར་རྒྱུན་མཐུད་དང་། སྐྱོན་བྲལ། མགྱོགས་མྱུར་བཅས་འཕེལ་རྒྱས་བྱུང་བ། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་འདེགས། ས་མཐོའི་སྐྱེ་དངོས། མཐའ་མཚམས་ཚོང་དོན་ཟོག་འགྲེམས། གྲངས་གཞི་གསར་པ་བཅས་ཀྱི“ཐོན་ལས་ཆེ་གྲས་བདུན”གྱི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1628.59ཟིན་པ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན། ལོ་གོང་མའི་དུས་མཚུངས་ལས་9.8%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་116.90ཟིན་པ་དུས་མཚུངས་ལས་10.4%འཕར་བ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་636.79ཟིན་པ་དུས་མཚུངས་ལས་12.0%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་874.90ཟིན་པ་དུས་མཚུངས་ལས་8.5%འཕར་བ། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་632.1ཟིན་པ་དུས་མཚུངས་ལས་18.8%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་དུས་མཚུངས་ལས་57.5%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། སློབ་གྲྭའི་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པ་དང་། ས་བབ་མཐོ་བའི་ཞིང་འབྲོག་ཁུལ་གྱི་ཚ་ཐབ་ཚོད་ལྟ་དང་། ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་རིམ་པ་སྤོར་བ་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་བཏང་བ། སློབ་གསོ་དང་། སྨན་བཅོས། རིག་གནས། བདེ་སྡོད་འགན་ལེན། རོགས་སྐྱོར་རོགས་སྐྱོབ་སོགས་ལ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ། དམངས་འཚོའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཁག་13ཁྱོན་ཡོངས་ནས་མཐོ་རུ་བཏང་བ། དམངས་འཚོའི་དོན་དངོས་ཁག་38ཚང་མ་དོན་འཁྱོལ་བྱས་ཡོད་པ་རེད།

    སྐྱེ་ཁམས་སྲུང་སྐྱོང་ལ་དམིགས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཏན་ཏིག་བྱས་པ།

    ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱི་སྔོ་ལྗང་གོས་ཀྱིས་བཀླུབས་པའི་ལྷོ་རིའི་སྤྱི་གླིང་ནས་ལྷ་ས་གྲོང་བྱང་གི་ཆུ་བྱའི་ཚོགས་རྣམས་ཅི་དགར་འཕུར་ལྡིང་ལ་རོལ་བའི་ལྷ་ཀླུ་འདམ་ར་བར་དང་། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་སྤྱི་ལེ་160ལྷག་ཙམ་གྱི“སྔོ་ལྗང་གི་ལྕགས་རི་རིང་པོ”ནས་བོད་བྱང་ཐང་གི་རང་བྱུང་ཁམས་ཆེན་པོའི“སྲོག་ཆགས་ཀྱི་ཞིང་ཁམས”བར་གྱི་ས་མཐོའི་ས་གཞི་ཆེན་པོར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང“གླིང་སྣེ་གསུམ་པ་མཛེས་ཤོས”ཀྱི་འཆར་འགོད་རི་མོ་རིམ་བཞིན་འབྲི་བཞིན་མཆིས།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱས་ནས། སྲུང་སྐྱོང་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། བོད་ཀྱི་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བར་བྱས་ཡོད། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་བརྒྱབ་སྟེ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བྱས་པའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལག་ལེན་གཏིང་ཟབ་སྟར་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བཏོད་ཡོད། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ས་ཆུ་ཤོར་བ་དང་། མྱ་ངམ་ཐང་དུ་གྱུར་པ། ས་གཤིས་ཀྱི་གནོད་འཚེ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། ས་གཞི་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་རྒྱུན་མཐུད་ཡག་པོ་བརྒྱབ་ཡོད། སྐྱེ་ཁམས་དམངས་ཕྱུག་འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ལམ་སྲོལ་དོན་འཁྱོལ་བྱས་ནས། མང་ཚོགས་སྐྱེ་ཁམས་འཛུགས་སྐྱོང་ལ་ཞུགས་པ་བརྒྱུད། ཕྱུག་འགྱུར་ལམ་དུ་བསྐྱོད་པ་དང་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་ཡོང་བར་བྱས་ཡོད། སྐྱེ་ཁམས་ལམ་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ། ས་མཐོའི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱས་ཡོད།“གནམ་ལྕགས་འབར་བ——བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོ”གཉེར་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་མཉམ་དུ་གྲོས་བསྡུར་བྱས་ཡོད།

    ད་ཆའི་བོད་དུ་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་པོ་ཡོད་པས་སྔར་བཞིན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། འདི་ལོ་ཚུན་དུ་རང་ལྗོངས་སུ་གཞིས་རྩེ་དང་ནག་ཆུ་གྲོང་ཁྱེར་དང་། སྟེང་ཆེན་ལྷ་རི་རྫོང་བཅས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གཏོད་པའི་དཔེ་སྟོན་ཁུལ་4མང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་འཛུགས་གཏོད་བྱེད་ཚད་100%ཟིན་པའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ནས། བོད་ལྗོངས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ས་ཁོངས་ཧྲིལ་པོ་འཛུགས་གཏོད་ཀྱི་ཚད་གཞིར་སླེབས་པའི་ཞིང་ཆེན་འབའ་ཞིག་ལ་གྱུར་ཡོད།

    མཐའ་སྟོབས་ཀྱི་ལས་དོན་ལ་དམིགས་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

    རྫ་རོང་ཤང་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་གི་མཐའ་མཚམས་ཤང་གི་གྲས་ཤིག་རེད། ཁང་པའི་ཐོག་དཔངས་དམའ་ལ་ཐབས་ཆག་ཡིན་པ་དང་གཞུང་ལམ་དུ་གང་སར་ཐལ་རྡུལ་གྱིས་ཁེངས་པ་དེ་ནི་སྔོན་མའི་རྣམ་པ་དངོས་རེད། རྫ་རོང་ཤང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ་དང་བསྟུན་ནས་ཤང་གི་གཞུང་ལམ་རྒྱ་ཆེ་རུ་ཕྱིན་པ་དང་མི་སེར་ཚང་མ་སྡོད་ཁང་གསར་པར་སྤོས་པ་མ་ཟད། དུད་ཚང་ཚང་མར་གློག་དང་ཆུ་ཀ་ལ་ཤར་གཏོང་ཐུབ་ཡོད། ཉེ་འགྲམ་གྱི་འགྱུར་ལྡོག་ཆེན་པོ་མིག་མཐོང་ལག་ཟིན་བྱུང་བའི་རྫ་རོང་ཤང་སྲིད་གཞུང་གི་ལས་བྱེད་པ་རིག་འཛིན་གྱིས་འཚོ་བ་ཉིན་བཞིན་ལེགས་སུ་ཕྱིན་པས་ཡུལ་མི་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་མེས་རྒྱལ་གྱི་ཆེད་དུ་མཐའ་མཚམས་ཡག་པོ་སྲུང་བའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་དང་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཙོ་གནད་ཁྱབ་ཁོངས་དང་། ཁ་ཕྱོགས་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ཚད་བརྒལ་དུ་མཐའ་འཁྱོངས་བྱས་ནས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། ཐོན་ལས་མཐའ་དར། མཐའ་མཚམས་ཀྱི་གསར་སྤེལ་དང་སྒོ་དབྱེ། མི་རིགས་མཐུན་སྒྲིལ་མཉམ་འདུས། མངའ་ཁོངས་སྲུང་བ་དང་མཐའ་བརྟན་བཅས་ཀྱི་འདུ་འགོད་གང་མགྱོགས་ལག་ལེན་བསྟར་བ་དང་། མཐའ་མཚམས་བརྟན་པོ་སྲུང་བ་དང་། རྨང་གཞིའི་སྒྲིག་བཀོད་ལེགས་པོ་དང་མཐའ་མཚམས་སྟོབས་ཆེར་གཏོང་བ། མི་སེར་མཐའ་མཚམས་སུ་གཞིས་ཆགས་པ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། འཚོ་བ་འབྱོར་ཞིང་རྒྱས་པ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱས་ཏེ། མེས་རྒྱལ་གྱི་ལྷོ་ནུབ་ཀྱི་རྒྱལ་སྒོ་ཆེན་པོ་ཡག་པོ་སྲུང་བཞིན་ཡོད།

    ད་ཆ་བོད་དུ་མཐའ་མཚམས་ས་ཁུལ་གྱི་སློབ་གྲྭ་དང་། སྨན་ཁང་། རིག་གནས་ལུས་རྩལ་སོགས་སྤྱི་པའི་ཞབས་འདེགས་སྒྲིག་བཀོད་ལ་རྒྱུན་ཆད་མེད་པར་སྤྱི་འདོམས་འཆར་འགོད་དང་འཛུགས་སྐྲུན་བྱས་པ་དང་། མཐའ་མཚམས་རྫོང་21གི་དཔལ་འབྱོར་བསྡོམས་འབོར་དང་གྲོང་མིའི་ཡོང་འབབ་རྒྱུན་མཐུད་མགྱོགས་མྱུར་འཕར་བ། གང་སར་ཚད་ལྡན་ཅན་གྱི་ཆུ་མཁོ་འདོན་བཟོ་གྲྭ་དང་འཚོ་བའི་གད་སྙིགས་སྦེད་ས་བསྐྲུན་ཟིན་པ། འབྱོར་འབྲིང་གྲོང་ཚོ་624བསྐྲུན་ཟིན་པ། མཐའ་མཚམས་རྫོང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ། མཐའ་མཚམས་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། གློག་དྲ་གཙོ་བོ་མཐའ་མཚམས་ཤང་གྲོང་ཚང་མར་ཁྲིད་པ། སྒྲིག་ཚུད་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་100%ཟིན་ཡོད།

    2023ལོར་ཕྱིར་མིག་ལྟ་སྐབས། ང་ཚོས་ལག་གདང་དཔུང་གཤིབ་ཀྱིས་མདུན་དུ་བསྐྱོད་ཡོད།

    2024ལོར་རྒྱང་ལྟ་བྱེད་སྐབས། ང་ཚོས་གདེང་ཚོད་ཆེན་པོས་མདུན་དུ་སྐྱོད་ངེས་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བོད་ཀྱི་ལེའུ་ཡག་པོ་རྩོམ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།