དབུ་ཤོག>ཆེད་སྒྲིག>ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ།>སྐྱེ་ཁམས།
  • བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པ།

    ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་འཛུགས་གཏོད་ཀྱི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོ་ནས་བཟུང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ་སྤྱི་འདོམས་སུ་བྱས་ནས་གཅིག་གྱུར་འཆར་འགོད་ཞིབ་ཚགས་དང་གནད་སྨིན་ཤུགས་འདོན་གྱིས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། 2023ལོར་རང་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། སྟེང་ཆེན་རྫོང་། ལྷ་རི་རྫོང་བཅས་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་4མང་དུ་བཏང་ནས་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་གཏོད་པའི་དམིགས་ཚད་100%སྔ་སྣུར་དུ་མངོན་འགྱུར་བྱུང་སྟེ། བོད་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ཁྱབ་ཁོངས་ཆ་ཚང་འཛུགས་གཏོད་ཀྱི་ཚད་གཞིར་སླེབས་པའི་ཞིང་ཆེན་འབའ་ཞིག་ཏུ་གྱུར་ཡོད།

    རང་ལྗོངས་ཀྱིས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གྱི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་བདུན་ཡག་པོ་བརྒྱབ་ཅིང་། རྒྱལ་ཁབ་ཀྱི་དུས་མཚམས་དྲུག་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་བཙོག་འབུད་ཚད་གཞི་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་རྒྱལ་ཁབ་ཀྱི་དུས་མཚམས་གསུམ་པ་དང་དེ་མན་གྱི་བཙོག་འབུད་ཚད་གཞིའི་རླངས་འཁོར་གཞི་རྩའི་ཆར་མེད་པ་བཟོས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ལྟ་འདོམས་རིམ་གསུམ་དྲ་སྦྲེལ་ལས་སྟེགས་བཙུགས་པ་དང་འབྲེལ་བེད་སྤྱོད་ཀྱང་བྱས་ཤིང་། ལྗོངས་ཡོངས་ནས་རླངས་འཁོར་རྙིང་པ་སྣ་ཚོགས་ཁྲི་19.3བེད་མེད་དུ་བཏང་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་5225བེད་སྤྱོད་ཁྱབ་གདལ་བཏང་བ། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་757ཁྱབ་གདལ་བཏང་བ། གཙོ་གནད་ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་དང་འཐུང་ཆུའི་ཆུ་འགོ་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། རིམ་རྩིས་བརྒྱབ་ན་གཙང་པོར་བཙོག་ཆུ་འབུད་ས་628བཅོས་སྒྲིག་བྱས་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་259གཏན་འཁེལ་བྱས་པ། ཆུ་འགོ་སྲུང་སྐྱོང་ལས་གྲྭ་ཁག་35ལག་ལེན་བསྟར་བ། ལྗོངས་ཡོངས་ཀྱི་གཙང་པོ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་Ⅲརིགས་ཀྱི་ཆུ་གཟུགས་ཀྱི་བསྡུར་ཚད་100%རྒྱུན་འཁྱོངས་ཐུབ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལོན་ཚད100%ཟིན་པ་དང་ས་ཞིང་ཁག་491གི་ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་སྲིད་འཛིན་གྲོང་ཚོ་109ཡི་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱས་ཤིང་། གཙོ་གནད་འཛུགས་སྐྲུན་ས་ཆ་བདེ་འཇགས་ངང་སྤྱོད་ཚད་100%བསྟུད་མར་རྒྱུན་འཁྱོངས་ཐུབ་ནས་སྦགས་བཙོག་ཕོག་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཚད་92%ཡན་དུ་མཐོ་རུ་ཕྱིན་ཡོད།

    རང་ལྗོངས་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་གྱི་གྱོད་གཞི་ཁག་1115ཐག་གཅོད་དམ་ཡང་ན་དུས་མཚམས་རང་བཞིན་གྱི་སྒྲུབ་ཚད་100%ཟིན་པ་དང་། དག་ཐེར་གྱི་ལས་འགན་ཁག་43དང་དག་ཐེར་གྱི་བྱེད་ཐབས་180ལ་གོ་རིམ་ལྡན་པའི་ངང་དག་ཐེར་བྱས་པ། ཉེན་ཁ་ཆེ་བའི་སྙིགས་རོའི་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་དང་གཙོ་གནད་བཙོག་འབུད་ཚན་པའི་རང་འགུལ་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་མི་བདེན་རྫུན་སྒྲིག་གི་ཁྲིམས་འགལ་ཉེས་གསོག་ལ“རྡུང་རྡེག་གཏོང་བའི་བྱ་སྤྱོད་གཉིས”རྒྱུན་མཐུད་སྤེལ་བ་དང་། ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་71ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་ཏེ་དངུལ་ཆད་སྒོར་ཁྲི་1156.51བཏང་ཞིང་། ཁྲིམས་དང་ཅུང་ཟད་འགལ་རིགས་ལ་ཆད་པ་མི་གཅོད་པའི་གྱོད་གཞི་5ལ་དངུལ་ཆད་སྒོར་ཁྲི་111མ་བཏང་བ་རེད།

    ངོ་སྤྲོད་བྱས་པ་ལྟར་ན། གོམ་སྟབས་རྗེས་མར། རང་ལྗོངས་ཀྱིས་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། ཚུགས་གནས་སྔར་བས་མཐོ་བ། མཐོང་རྒྱ་སྔར་བས་ཡངས་པ། བྱེད་ཤུགས་སྔར་བས་ཆེ་བ་བཅས་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དོན་འཁྱོལ་ལ་ཇུས་འགོད་དང་སྐུལ་འདེད་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།