རི་ཀླུང་མཛེས་ཤིང་འཚོ་བ་བདེ་སྐྱིད་ལྡན།
—— མངའ་རིས་ས་ཁུལ་གྱི་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་མང་ཚོགས་མཐའ་སྲུང་མཐའ་དར་གྱི་ལས་ལ་གཞོལ་བའི་མཐོང་ཐོས།
ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག ད་ཆའི་རུ་ཐོག་རྫོང་རྡོ་དམར་ཤང་དབུས་བྱང་གྲོང་ཚོ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོར་གྱུར་ཡོད། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་མཉམ་ལས་ཁང་དང་སྡོང་ཕྲུག་ར་བ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ནས་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། འདི་ནི་དབུས་བྱང་གྲོང་ཚོའི་རྣམ་པ་ཡིན་པ།
ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་མངའ་རིས་ས་མཐོར་སྤྱི་ལེ་སྟོང་གི་མཐའ་མཚམས་ལམ་ཐིག་ཡོད། མང་ཚོགས་མང་པོ་ཞིག་གིས་སྐལ་བཟང་མེ་ཏོག་ཇི་བཞིན་མཐའ་མཚམས་སུ་རྩ་བ་བརྟན་པོར་ཚུགས་ནས་ཡུན་རིང་ཚུན་དུ་མི་རབས་ནས་མི་རབས་བར་རྒྱལ་གཅེས་མཐའ་སྲུང་གི་བླ་ན་མེད་པའི་འགན་འཁྲི་ཁུར་ཏེ་རྐང་འོག་གི་ས་ཆ་ཡག་པོ་སྲུང་བ་མ་ཟད། ད་དུང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་བཞིན་ཡོད།
ཉེ་ཆར། གསར་འགོད་པ་མངའ་རིས་ས་ཁུལ་གྱི་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་སྐད་གྲགས་མེད་པར་མཐའ་མཚམས་སྲུང་མཁན་མི་ཚོགས་ལ་བཅར་འདྲི་ཞུས་པ་ཡིན།
བསྟན་ཆོས་བཟང་པོས་བརྗོད་དོན། མི་རབས་གསུམ་གྱིས་མཐའ་སྲུང་ལས་ཀ་རྒྱུན་བསྐྱངས་པ་ཡིན།
ང་རང་ཡུལ་འདི་གར་སྐྱེས་པ་དང་འདི་གར་འཚར་ལོངས་བྱུང་བས་ངེས་པར་དུ་མཐའ་མཚམས་སྲུང་བའི་འགན་འཁྲི་ཕྲག་ཏུ་འཁུར་གྱི་ཡིན། མེས་རྒྱལ་གྱི་མཐའ་མཚམས་བདེ་འཇགས་ལ་ནུས་ཤུགས་འདོན་པར་ང་རང་སྤོབས་པ་ཆེན་པོ་སྐྱེ་གི་འདུག་ཅེས་མངའ་རིས་ས་ཁུལ་རུ་ཐོག་རྫོང་ལྕགས་སྒང་གྲོང་ཚོར་འཚོ་བ་སྐྱེལ་བཞིན་པའི་བསྟན་ཆོས་བཟང་པོས་བརྗོད་པ་དང་། ཁོང་འདི་ལོ་ལོ་62ལ་སླེབས་ཤིང་། ཁྱིམ་ཚང་གི་མཐའ་སྲུང་བ་མི་རབས་གཉིས་པའི་ངོས་ནས། ཁོང་གིས་ཕའི་བྱ་གཞག་རྒྱུན་འཛིན་བྱས་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་བྱེད་པ་རང་ཉིད་ཀྱི་ཚེ་གང་གི་འགན་འཁྲིར་བརྩིས་ཏེ། ལོ་ཟླ་དང་བློ་བརྟན་འགྱུར་མེད་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་བསྟོད་གླུ་བརྩམས་ཡོད།
ལྕགས་སྒང་གྲོང་ཚོ་རུ་ཐོག་རྫོང་གི་ལྷོ་རྒྱུད་དུ་གནས་པ་དང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་70ཡོད། ནུབ་རྒྱ་གར་དང་སྦྲེལ་བ་དང་མཐའ་མཚམས་ལམ་ཐིག་སྤྱི་ལེ་80ཡོད།གྲོང་ཚོ་ནས་ནུབ་ཕྱོགས་སུ་སྤྱི་ལེ་80ཙམ་བསྐྱོད་ན་མཐའ་མཚམས་ཚོང་དོན་ས་ཚིགས་ཏུའུ་མུ་ཆི་ལེར་འབྱོར་གྱི་ཡོད། འདི་ཁུལ་དུ་སྐྱེས་པའི་མིའི་ངོས་ནས་བརྗོད་ན་མཐའ་མཚམས་བསྲུང་རྒྱུ་ནི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། བསྟན་ཆོས་བཟང་པོའི་ཁྱིམ་ཚང་ཡང་དེ་ལྟར་ཡིན་ཞིང་། ལོ་11ལ་སླེབས་པ་ནས་བཟུང་ཁོང་ཕ་རྡོ་རྗེ་དངོས་གྲུབ་དང་མཉམ་དུ་ཕྱུགས་འཚོ་བཞིན་མཐའ་མཚམས་སྐོར་ཞིབ་ཀྱི་ལས་ལ་གཞོལ་ཡོད།
བསྟན་ཆོས་བཟང་པོས“སྐབས་དེ་དུས་ང་རང་ཕྲུ་གུ་ཞིག་ཡིན། པཱ་ལགས་ཀྱིས་ང་རང་མཐའ་མཚམས་སུ་ཁྲིད་དེ་ཕྱུགས་འཚོ་བཞིན་དུ་སྐོར་ཞིབ་བྱེད་ཀྱི་ཡོད། དུས་རྟག་ཏུ་དཀའ་ངལ་ཇི་ཙམ་ཆེ་ཡང་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་དགོས་ཞེས་གསུངས་ཀྱི་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།
2013ལོར། ལོ་91ལ་སོན་པའི་རྡོ་རྗེ་དངོས་གྲུབ་ཚེ་ལས་འདས། རྡོ་རྗེ་དངོས་གྲུབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱུགས་འཚོ་བཞིན་མཐའ་མཚམས་བསྲུངས་ནས་ཚེ་གང་ཕ་ཡུལ་ནས་བྲལ་མྱོང་མེད། པཱ་ལགས་ཀྱི་ཤུགས་རྐྱེན་འོག་བསྟན་ཆོས་བཟང་པོར་ཆུང་དུས་ནས་མཐའ་མཚམས་སྲུང་འདོད་ཡོད། ཁོང་གིས་པཱ་ལགས་ཀྱི་བྱེད་སྟངས་ལ་སློབ་སྦྱོང་བྱས་ཏེ་ཕྱུགས་འཚོ་ཞོར་དུ་མཐའ་མཚམས་སྐོར་ཞིབ་བྱས་ཏེ་རྐང་རྗེས་དང་རྔུལ་ཆུ་མང་པོར་བརྟེན་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་བཞིན་ཡོད། གཞོན་ནུའི་དུས་སུ། བསྟན་ཆོས་བཟང་པོར་རྫོང་གྲོང་གི་གྲོང་གསེབ་ཡིད་རྟོན་ཁང་དུ་ལས་ཀ་བྱེད་པའི་གོ་སྐབས་རག་མོད། འོན་ཀྱང་ཁོང་གི་པཱ་ལགས་ཀྱི་མཐའ་མཚམས་སྲུང་མཁན་ཞིག་མེད་ན་མི་འགྲིག་ཅེས་པའི་མངགས་བཅོལ་ཉན་ཏེ་གྲོང་ཚོའི་ཡུལ་དམག་སྦྱོང་བརྡར་ལ་ཞུགས།
ལོ་22ནས་བཟུང་བསྟན་ཆོས་བཟང་པོས་ཡུལ་དམག་ལོ་21བྱས་ཡོད། འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་བསྟན་ཆོས་བཟང་པོས། ང་རང་ལོ་ལྟར་ཡུལ་དམག་གཞན་དག་དང་མཉམ་དུ་དྲག་ཆར་རླུང་འཚུབ་ལ་མ་འཛེམས་པར་སྐོར་ཞིབ་བྱེད་པར་འགྲོ་གི་ཡོད། རྟག་ཏུ་མཐའ་མཚམས་ལམ་ཐིག་བརྒྱུད་ཡུན་རིང་བསྐྱོད་དེ་སྐོར་ཞིབ་བྱེད་ཡུལ་ཚང་མར་སླེབས་པ་དང་ཚང་མ་བདེ་འཇགས་ཡིན་པ་ཤེས་རྗེས་གཞི་ནས་བློ་བདེ་པོས་ལོག་གི་ཡོད་ཅེས་གསར་འགོད་པར་བརྗོད།
ཡུལ་དམག་ལ་ཞུགས་པ་ཕུད། 1988ལོ་ནས་བཟུང་བསྟན་ཆོས་བཟང་པོས་ལྕགས་སྒང་གྲོང་ཚོའི་ཚོགས་ཆུང་དང་པོའི་ཙུའུ་ཀྲང་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སོགས་ཀྱི་འགན་ཁུར་མྱོང་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཁོང་གིས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་སྐྱེལ་ཐུབ་པར་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། བསྟན་ཆོས་བཟང་པོ་རྒན་ཡོལ་ཞུས་པས་མཐའ་མཚམས་སྲུང་བའི་ལས་ཀ་བུ་གསུམ་པོའི་ཕྲག་ཐོག་ཏུ་བབས། བུ་རྒན་པ་ཚེ་རིང་རྣམ་རྒྱལ་གྱིས། ད་ཆ་ང་དང་གཅུང་པོ་གཉིས་ཀ་ཡུལ་དམག་རྩ་འཛུགས་ལ་ཞུགས་ནས་རྟག་ཏུ་མཐའ་མཚམས་སུ་སྐོར་ཞིབ་བྱེད་པར་འགྲོ་གི་ཡོད་ཅེས་གསར་འགོད་པར་བརྗོད།
“པཱ་ལགས་ཀྱིས་དུས་རྟག་ཏུ་ང་ཚོར་མཐའ་མཚམས་སྲུང་བ་ནི་ང་ཚོའི་ཁྱིམ་གཞིས་སྲུང་སྐྱོང་དང་མིག་སྔའི་བདེ་སྐྱིད་ལྡན་པའི་འཚོ་བར་སྲུང་སྐྱོང་བྱེད་པ་ཞིག་ཡིན་པས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་ཁ་ཏ་བསླབ་བྱ་གནང་གི་ཡོད”ཅེས་ཚེ་རིང་རྣམ་རྒྱལ་གྱིས་བརྗོད་པ་དང་། ཁོང་གིས“མཐའ་མཚམས་ལམ་ཐིག་འདིར་ངའི་སྤོ་བོ་དང་པཱ་ལགས་གཉིས་པོ་ཐེངས་མང་ཕེབས་མྱོང་ཡོད། ཁྱིམ་ཚང་གི་མཐའ་སྲུང་བ་མི་རབས་གསུམ་པ་ཡིན་པའི་ངོས་ནས་ང་ཚོས་ཁོང་ཚོ་ལྟར་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བརྗོད།
སྐལ་བཟང་ལྷུན་དཔལ་གྱིས་བརྗོད་དོན། འབྱོར་འབྲིང་ཕྱོགས་སུ་ཧུར་ཐག་སྐྱོད་ཀྱི་ཡིན།
རུ་ཐོག་རྫོང་རྡོ་དམར་ཤང་དབུས་བྱང་གྲོང་ཚོ་ནི་མཐའ་མཚམས་གྲོང་ཚོ་ཆུང་ངུ་དཀྱུས་མ་ཞིག་ཡིན་པ་དང་། ས་གནས་དེ་གའི་མང་ཚོགས་ཁྲོད་རྒྱལ་གཅེས་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ནས་བསྟན་འཛིན་རྒྱ་མཚོ་དང་ཕུན་ཚོགས་རྣམ་རྒྱལ་ལ་སོགས་པའི་མཐའ་སྲུང་དཔའ་བོ་མང་པོ་ཐོན་ཡོད།
1951ལོའི་སྟོན་ཁར། མངའ་རིས་སྐྱ་དམག་ཉིང་ལག་རུ་ཁག་གིས་ཤིན་ཅང་ནས་མངའ་རིས་བར་རྔ་མོང་རུ་ཁག་གི་སྐྱེལ་འདྲེན་ལམ་ཐིག་འཚོལ་ཞིབ་བྱས་ཏེ། དབུས་བྱང་གྲོང་ཚོར་ཡོང་ནས་ས་ཆ་དེ་གའི་མང་ཚོགས་ཀྱི་རོགས་རམ་ཐོབ་ཐབས་བྱས་ཡོད། བསྟན་འཛིན་རྒྱ་མཚོ་དེ་སྔ་བོད་ལྗོངས་དང་ཤིན་ཅང་དབར་ཐེངས་མང་བསྐྱོད་མྱོང་བ་ཤེས་རྗེས་ཁོང་ལམ་སྣེ་ཁྲིད་མཁན་ལ་གདན་དྲངས་ནས་དཔུང་སྡེ་དང་མཉམ་དུ་ལམ་འཚོལ་བར་བསྐྱོད།
བསྟན་འཛིན་རྒྱ་མཚོས་ཀྱང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དཔུང་སྡེའི་དཔོན་དམག་དང་མཉམ་དུ་ཤིན་ཅང་དུ་སྐྱོད་པའི་དཀའ་ཚེགས་ཆེ་བའི་ལམ་བུར་ཞུགས། དེའི་རིང་ཁོང་ཚོས་མུ་མཐའ་མེད་པའི་བོད་བྱང་ཐང་གི་མི་མེད་ལུང་སྟོང་བརྒྱུད་པ་དང་། ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་ལ་ཀླུང་མང་པོ་བརྒྱབ་རྗེས་དུས་ཡུན་ཉིན་བདུན་སོང་མཐར་ཤིན་ཅང་འོམ་བུ་གྲམ་ཐང་དུ་འབྱོར་ནས་མངའ་རིས་ནས་འགྲོ་འོང་བྱེད་པའི་ལམ་བུ་གསར་པ་བཏོད་ཡོད། དེ་རྗེས་ཤིན་བོད་གཞུང་ལམ་སྐྲུན་པའི་གྲ་སྒྲིག་དང་ཤིན་ཅང་དང་བོད་ལྗོངས་ས་ཆ་གཉིས་ཀྱི་ས་མཚམས་འབྱེད་པའི་ལས་དོན་སྤེལ་རིང་བསྟན་འཛིན་རྒྱ་མཚོས་སླར་ཡང་སྔ་རྗེས་སུ་དཔུང་སྡེའི་ལམ་སྣེ་ཁྲིད་མཁན་ཐེངས་གཉིས་བྱས་ཏེ་མུ་མཐའ་མེད་པའི་ཁུ་ནུ་རི་བོར་བསྐྱོད་ནས་ལས་འགན་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱས་ཏེ་འབྲོག་པ་དཀྱུས་མ་ཞིག་གི་བློ་དཀར་སེམས་དཀར་གྱི་རྒྱལ་གཅེས་བསམ་པ་མཚོན་པར་བྱས་ཡོད།
དུས་རབས་གོང་མའི་ལོ་རབས་60པར། དབུས་བྱང་གྲོང་ཚོའི་ཉེ་འགྲམ་དུ་མཐའ་མཚམས་ཀྱི་རྩོད་གཞི་ཞིག་ཐོན། མེས་རྒྱལ་ལ་དགོས་མཁོ་ཆེ་ཤོས་ཀྱི་དུས་སུ་ས་གནས་དེ་གའི་མང་ཚོགས་ཕུན་ཚོགས་རྣམ་རྒྱལ་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་ཁྱིམ་གྱི་ལུག་170ལྷག་ཙམ་དང་། དེ་བཞིན་འབྲུ་རིགས་དང་། ཇ། མར་སོགས་དམག་དཔུང་ལ་ཕུལ་བ་མ་ཟད། ད་དུང་འབྲི་གཡག་90བདམས་ནས་གྲོང་ཚོའི་གཞོན་ནུ་20ལྷག་ཙམ་ཁྲིད་དེ་སྤྱི་ལེ་100ལྷག་ཙམ་གྱི་སྐྱེལ་འདྲེན་ལམ་བུར་ནུས་ཤུགས་ཡོད་རྒུས་དམག་འཐབ་ལ་རྒྱལ་ཁ་མ་ཐོབ་བར་ཟླ་བ་གཉིས་ཧྲིལ་པོ་དཔུང་སྡེར་དམག་རྒྱགས་མཁོ་སྤྲོད་འགན་ལེན་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། སྐལ་བཟང་ལྷུན་དཔལ་གྱིས་ཚབ་མཚོན་དུ་བྱས་པའི་དབུས་བྱང་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་མངའ་རིས་ས་ཁུལ་གྱི“དམག་བཀུར་དམངས་གཅེས་ཀྱི་གྲོང་ཚོ་དང་པོ”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་དམག་མིས་དམངས་ལ་གཅེས་པ་དང་། དམངས་ཀྱིས་དམག་ལ་བཀུར་བ། དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་བཅས་ཀྱི་གཏམ་རྒྱུད་སྙན་མོ་མུ་མཐུད་རྩོམ་བཞིན་མཆིས།
1980ལོར། ལོ་19ལ་སླེབས་པའི་སྐལ་བཟང་ལྷུན་དཔལ་ལ་དཔའ་བོ་རྒན་རབས་ཚོའི་གཏམ་རྒྱུད་ཀྱི་ཤུགས་རྐྱེན་ཐེབས་ནས་ཡུལ་དམག་རྩ་འཛུགས་ལ་ཞུགས་ཏེ་མཐའ་སྲུང་སྐོར་ཞིབ་ཀྱི་འགན་འཁྲི་ཁུར་ནས་ད་བར་ལོ་12ཏག་ཏག་སོང་ཡོད། དེའི་རིང་། བྱས་རྗེས་མངོན་གསལ་དོད་པོ་བཞག་པས་ཁོང་ཡུལ་དམག་གི་ལྡིང་དཔོན་ལ་བསྐོས་པ་དང་འབྲེལ་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཅིག་བཞག་ཡོད།
1996ལོ་ནས་2017ལོའི་བར། སྐལ་བཟང་ལྷུན་དཔལ་གྱིས་དབུས་བྱང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་ཞིང་། དེའི་རིང་དཔུང་སྡེ་བཅའ་སྡོད་དང་མང་ཚོགས་ཕྱུགས་འཚོ་བར་མཉམ་དུ་སྤྱོད་པའི་ལམ་བུ་ཞིག་ལོ་མང་ཉམས་གསོ་མ་ཐུབ་པ་དང་འགྲོ་སྐྱོད་ཧ་ཅང་སྟབས་བདེ་མེད་པ་ཤེས་ནས། ཚང་མའི་བདེ་འཇགས་འགན་ལེན་བྱ་ཆེད། སྐལ་བཟང་ལྷུན་དཔལ་གྱིས་ཐབས་ཤེས་ཡོད་རྒུས་ཨར་འདམ་ལམ་འདིང་བའི་རྣམ་གྲངས་བརྩོན་ལེན་བྱས་ནས་དཀའ་གནད་འདི་བསལ་ཡོད།
སྐལ་བཟང་ལྷུན་དཔལ་གྱི་སྐུལ་འདེད་ཧུར་ཐག་འོག་ཉེ་བའི་ལོ་ཤས་རིང་། དབུས་བྱང་གྲོང་ཚོས་སྔ་རྗེས་སུ་རྒྱལ་སྲུང་གཉིས་བཀུར་སློབ་གསོའི་འཐབ་ས་བསྐྲུན་ནས་དུས་ཚིགས་རེར་རྒྱལ་སྲུང་དང་གཉིས་བཀུར་སློབ་གསོ་ཐེངས་རེ་སྤེལ་བ་མ་ཟད། ད་དུང་དམག་དམངས་མཉམ་སྐྲུན་རིག་གནས་ས་ཚིགས་བསྐྲུན་པ་དང་མཉམ་སྐྲུན་ནགས་ཚལ་བཟོས་ཡོད། དེ་དང་ཆབས་ཅིག བཅའ་སྡོད་དཔུང་སྡེས་ཀྱང་མང་ཚོགས་ལ་དུས་ངེས་མེད་དུ་དྲོ་སྐྱིད་ཚོར་བའི་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་ལོ་ལྟར་སྨན་བཅོས་ཞབས་ཞུའི་བྱེད་སྒོ་ཐེངས་10ཙམ་སྤེལ་ཏེ་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་ཏུ་བཏང་བ་དང་དམག་དཔུང་དང་ས་གནས་མཉམ་སྐྲུན་གྱི་རྨང་གཞི་བརྟན་དུ་བཏང་ཡོད།
ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག་ད་ཆ་དབུས་བྱང་གྲོང་ཚོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་མང་ཚོགས་ཚོས་མཉམ་ལས་ཁང་དང་སྡོང་ཕྲུག་ར་བ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་ནས་འབྱོར་ཕྱུག་དང་འཆམ་མཐུན་གྱི་འབྱོར་འབྲིང་འཚོ་བ་སྐྱེལ་བཞིན་ཡོད།
དངོས་གྲུབ་རྒྱ་མཚོས་བརྗོད་དོན། ཁང་པ་རབས་བཞི་ཡིས་ཐོག་མའི་བསམ་འདུན་གྱི་དཔང་པོ་བྱེད་ཐུབ།
སྟོན་ཁ་སླེབས་རྗེས་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་ཕག་རི་ལུང་ཤུར་དུ་ཚང་ཚིང་ནགས་ཚལ་ལ་གསེར་གོས་ཀྱིས་བཀླུབས་པ་དང་། འོང་ཁའི་གསེབ་ནས་ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད་བཞིན་མཆིས།
དངོས་གྲུབ་རྒྱ་མཚོའི་རབས་དང་པོའི་ས་ཁང་མཚོ་གསུམ་གྲོང་ཚོའི་གཙང་འགྲམ་གྱི་མཐོ་སར་ཆགས་པ་དང་ཁང་པའི་འགྲམ་དུ་རིང་ཚད་སྨི་20ལྷག་ཙམ་ཡོད་པའི་ཤིང་སྡོང་ཆེན་པོ་ཞིག་ཡོད། གྲོང་མི་གཞན་དག་གི་ཁང་པ་མང་ཆེ་བ་གྱང་རོ་ལྟ་བུར་གྱུར་ཡོད་རུང་ཁོང་གི་ཁང་པ་རྙིང་པ་ཉར་ཚགས་ཡག་པོ་བྱས་ཡོད་པས་ད་ལྟའི་བར་དུ་ཡང་མི་སྡོད་ཆོག་གི་ཡོད།
“ང་སྐྱེས་པ་ནས་ད་བར་ལོ་50ལྷག་ཙམ་བསྡད་པ་ཡིན” འདི་ལོ་ལོ་72ལ་སླེབས་པའི་དངོས་གྲུབ་རྒྱ་མཚོ་ཡིས་མཐོ་ས་ནས་ཁང་པ་རྙིང་པར་ལྟ་བཞིན་འདས་དོན་མང་པོ་ཡིད་ལ་འཆར།
གཞོན་ནུའི་སྐབས་སུ་དངོས་གྲུབ་རྒྱ་མཚོ་རང་འགུལ་ངང་ཡུལ་དམག་རྩ་འཛུགས་ནང་ཞུགས་པ་དང་། དེ་གར་ཞིང་ཁ་བཏབ་ནས་མཐའ་མཚམས་སུ་སྐོར་གཡེང་བྱེད་པ་དང་ཁྱིམ་ཐབ་བཟུང་ནས་ཕྲུ་གུ་སྐྱེས། དེ་གར་ལོ་བཅུ་ཕྲག་ཁ་ཤས་རིང་འཚོ་བ་བསྐྱལ་ཡོད། མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་སྲུང་བ་དང་དུས་མཚུངས་འཕེལ་རྒྱས་ཀྱི་ཁེ་སྤོགས་ཀྱང་ལོངས་སུ་སྤྱོད་རྒྱུ་བྱུང་ནས་ལྟོ་གོས་ལ་སེམས་ཁྲལ་མེད་པའི་བདེ་སྐྱིད་ལྡན་པའི་ཚེ་མཇུག་ལའང་རོལ་རྒྱུ་བྱུང་ཡོད། དུས་ཐུང་ལོ་བཅུ་གྲངས་ལྷག་ཙམ་རིང་ཁང་པ་ཐེངས་གསུམ་སྤོས་ནས་ཁང་པ་གསར་པ་དེ་བས་ལེགས་པར་སྡོད་རྒྱུ་བྱུང་ཡོད།
2005ལོར་མཚོ་གསུམ་གྲོང་ཚོས་རྒྱལ་ཁབ་ཀྱི་མཐའ་དར་དམངས་ཕྱུག་གི་མ་དངུལ་སྤྱད་དེ་རབས་གཉིས་པའི་ཁང་པ་བརྒྱབ་ནས། དངོས་གྲུབ་རྒྱ་མཚོའི་ནང་མི་ཐོག་ཁང་ནང་སྤོས་ཡོད། འོག་ཐོག་གི་ཁང་པར་སྒོ་ཕྱུགས་གསོ་བ་དང་ཐོག་ཁར་མི་སྡོད་ཀྱི་ཡོད། ཁང་པའི་རྒྱ་ཁྱོན་ཡང་སྨི་ངོས་གྲུ་40ལྷག་ཙམ་བར་ཆེ་རུ་ཕྱིན་པ་མ་ཟད། ད་དུང་དེ་ཙམ་ཆེན་པོ་མེད་པའི་སྒེའུ་ཁུང་དང་སྐར་ཁུང་ཡང་ཡོད།
“ང་ཁང་པ་དེར་བློ་ཡིད་ཚིམ་པོ་བྱུང་། མ་གཞི་བྱས་ན་ཚེ་གང་སྡོད་རྩིས་ཡོད། བསམ་ཡུལ་ལས་འདས་པར་ལོ་ཤས་སོང་རྗེས་སླར་ཡང་ཁང་པ་སྤོ་དགོས་འཁེལ་སོང”ཞེས་དངོས་གྲུབ་རྒྱ་མཚོས་འཛུམ་དམུལ་དམུལ་ངང་བརྗོད།
2012ལོར་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་དང་ཆབས་ཅིག་དངོས་གྲུབ་རྒྱ་མཚོ་སླར་ཡང་ཨར་འདམ་ལྕགས་རྩིབ་མའི་རབས་གསུམ་པའི་ཁང་པར་སྤོས་པ་མ་ཟད། རྒྱལ་ཁབ་ཀྱིས་ད་དུང་ཁང་པའི་ཕྱིར་དཀར་རགས་བྱུག་པ་དང་། ཁང་པའི་ནང་མཛེས་བཟོ་བྱས་ཡོད་པ་དངའབྲེལ་གདུང་མར་བོད་ལུགས་ཀྱི་ཚོན་ཁྲ་ཐིང་ཐིང་བཏང་བས་ཁོང་ཧ་ཅང་མགུ་པོ་བྱུང་ཡོད། དེས་མ་ཚད་ཁང་པའི་སྐར་ཁུང་དང་ཤེལ་ཁྲ་ཡང་ཆེ་རུ་བཏང་བས་དཀར་ཆ་དོད་དུ་ཕྱིན་ཡོད།
བློ་ཕངས་དགོས་པ་ཞིག་ལ་རབས་གསུམ་པའི་ཁང་པར་ལོ་ཤས་མ་བསྡད་གོང་ཕག་རི་གཙང་པོའི་ཆུ་ལོག་གིས་རྐྱེན་པས་ཉེན་ཡོད་ཁང་པར་གྱུར།
2016ལོ་ནི་དངོས་གྲུབ་རྒྱ་མཚོ་ཁང་པ་སྤོ་ཐེངས་གསུམ་པ་ཡིན་ཞིང་། གྲོང་ཚོའི་མང་ཚོགས་དུད་ཚང་23དང་མཉམ་དུ་གྱང་དཀར་པོ་དང་མདའ་གཡབ་དམར་པོས་བརྒྱན་པའི་སྒོ་ར་རང་འགྲིག་གི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ཁང་པ་གསར་པར་སྤོས། ཁང་པ་གསར་པར་ཉིན་མཚན་དབྱེར་མེད་དུ་ཆུ་དང་གློག་ཤར་གཏོང་ཐུབ་པ་མ་ཟད། ད་དུང་བཀོད་པ་ལུགས་དང་མཐུན་ལ་ཧ་ཅང་དཀར་ཆ་དོད་པ། འཛིན་ཆས་དང་ཁྱིམ་སྤྱོད་གློག་ཆས་གང་དགོས་ཚང་མ་ཡོད། ཁོང་གི་ཐབ་ཚང་ནང་གི་འཁྱགས་སྒམ་ཆེན་པོ་ཁ་ཕྱེ་སྐབས་ཚགས་ཤ་དང་ལུག་ཤ་སོགས་འདང་ངེས་འདུག
རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བའི་ཐོག་མའི་བསམ་འདུན་ལ་འགྱུར་བ་གཏན་ནས་ཕྱིན་མེད། ལོ་འདི་དག་རིང་དངོས་གྲུབ་རྒྱ་མཚོ་ལྷ་ས་དང་ཁྲེང་ཏུའུ་སོགས་གྲོང་ཁྱེར་ཆེན་པོ་དག་ལ་འགྲོ་མྱོང་ཡོད་པ་དང་། མནའ་མར་ཕྱིན་པའི་བུ་མོ་དང་སྤུན་མཆེད་ཚོས་ཁོང་ལ་ཁོར་ཡུག་གསར་པ་ཞིག་ཏུ་འཚོ་བ་སྐྱེལ་བའི་གྲོས་འགོ་བཏོན་ཡོད། འོན་ཀྱང་ཁོང་གིས་སྔར་བཞིན་ཚོ་སྲིབ་གསུམ་དཀྱིལ་གྱི་ལུང་ཤུར་འདི་རང་དུ་སྡོད་འདོད་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་འདི་གར་ཁོང་གི་ཕ་ཡུལ་ཡིན་པས་རེད།
“རྒྱལ་ཁབ་ཀྱིས་ང་ཚོར་འཚོ་བ་ཡག་པོ་འདི་འདྲ་གནང་སོང”རབས་བཞི་པའི་ཁང་པའི་མདུན་དུ་ལངས་ནས་དངོས་གྲུབ་རྒྱ་མཚོས“ད་ཆ་ང་རྒས་ནས་སྐོར་གཡེང་དུ་འགྲོ་ཐུབ་ཀྱི་མི་འདུག ངས་ཐུབ་པ་ནི་མུ་མཐུད་ཁྱིམ་དུ་སྡོད་རྒྱུ་དེ་རེད། ང་ཚོ་མི་དང་ཁང་པ་འདི་གར་གནས་ཚེ་ས་ཆ་འདི་ནམ་ཡང་ཀྲུང་གོའི་ཡིན”ཞེས་སྙིང་གཏམ་ལྷུག་པོར་བརྗོད།
ད་ཆའི་ཕག་རི་ལུང་ཤུར་དུ་གསེར་མདོག་ཅན་གྱི་ནགས་ཚལ་གྱི་གསེབ་ནས་རབས་བཞི་པོའི་ཁང་པ་གསར་རྙིང་དག་དེ་བས་མངོན་གསལ་དོད་པོ་འདུག འདི་དག་ལས་མཐའ་མཚམས་ཀྱི་འཕོ་འགྱུར་ཆེན་པོ་གང་ལེགས་མངོན་གྱི་ཡོད། ཁང་པ་འདི་དག་ནི་སྡོད་གནས་ཡིན་པ་མ་ཟད། མཚོན་བྱེད་ཅིག་ཀྱང་ཡིན། འདི་དག་གིས་ཡུལ་ཕྱོགས་གཅིག་གི་མི་སེར་ཚོ་དུས་བདེ་ལྷིང་འཇགས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་པ་མཚོན་ཐུབ། དེ་ནི་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་ལ་ཡོངས་བསྒྲགས་ཤིག་དེ་བས་རེད། ས་ཆ་འདིར་གཏོགས་པའི་རླབས་ཆེན་གྱི་རྒྱལ་ཁབ་འདི་ནི་རང་ཚུགས་རང་དར་དང་དར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་པ་ཁྱབ་བསྒྲགས་བྱེད་པ་ལྟར་དུ་སྣང་།