དབུ་ཤོག>ཆེད་སྒྲིག>ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ།>འཕེལ་རྒྱས།
  • ཁྱད་ལྡན་ཐོན་རྫས་སྤུས་ཀ་དག འཕེལ་རྒྱས་སྒུལ་ཤུགས་གསར་པ་རྒྱས།

  •     སྤེལ་དུས།  2023-12-20

    གླེང་གཞི།

    ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་ཁག་དང་པོ་གཏན་འཁེལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་གྲས་སུ་རང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བེའུ་མདའ་ཤང(འབྲི་གཡག)དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ(ནས) ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ(ཇ) ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ(བོད་ཕག) ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང(འབྲི་གཡག)བཅས་ཤང་དང་གྲོང་རྡལ་5ཚུད་ཡོད།

    ད་ཐེངས་མིང་གྲལ་དུ་ཚུད་པའི་རང་ལྗོངས་ཀྱི་ཤང་གྲོང་ཚང་མས་ས་གནས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་ལེགས་ཆར་གཞི་ཚུགས་ཁར། ཆད་སྐྱོན་སྐོང་སེལ་བྱེད་པ་དང་། ཉམ་ཞན་སྟོབས་ཆེར་གཏོང་བ། རྨང་གཞི་བརྟན་དུ་གཏོང་བ། དགེ་མཚན་ཆེ་རུ་གཏོང་བ་བཅས་ལ་དམིགས་ཏེ། རྟེན་གཞི་འཛུགས་སྐྲུན་དང་། ལས་སྣོན་ཞིབ་ཚགས། ཚོང་དོན་འགྲོ་རྒྱུག སྤུས་རྟགས་གསར་གཏོད། ཚན་རྩལ་གསར་གཏོད། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་ལས་དོན་ལ་གཙོ་གནད་ལ་སྐུལ་འདེད་བཏང་བ་དང་། ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་བ། ཐོན་ལས་ཀྱི་འབྲེལ་ཐག་སྣུར་གསབ་སྲ་གསུམ་ལ་ནུས་ཤུགས་གཅིག་སྡུད་ཀྱིས་སྐུལ་འདེད་བཏང་བ། དེང་རབས་ཀྱི་ཐོན་ལས་མ་ལག་བཙུགས་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ། ཞིང་པའི་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བས། ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་གཏོང་བར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

    འདི་ནི་འདམ་གཞུང་རྫོང་ལུང་རིང་ཤང་གི་མང་ཚོགས་ཀྱིས་འབྲི་གཡག་གི་ལྗིད་ཚད་འདེགས་བཞིན་པ།

    འདི་ནི་རྩྭ་ཆུ་བཟང་ལ་ཕྱུགས་རིགས་ཤ་ཤེད་རྒྱས་པའི་འདམ་གཞུང་གི་རྩྭ་ཐང་ཡིན་པ།

    ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་།

    འབྲི་གཡག་ཐོན་ལས་ལ་དམ་འཛིན་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ།

    ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་ལུང་རིང་ཤང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། འབྲི་གཡག་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། འབྲི་གཡག་ཐོན་ལས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། འབྲི་གཡག་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཧུར་ཐག་བཏང་བ་རེད། འདི་ལོའི་ཟླ་8པར། ལུང་རིང་ཤང“རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན(འབྲི་གཡག)”ཁག་དང་པོར་བདམས་པས། ལྗོངས་ཡོངས་ཀྱི་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་གཏོང་བར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།

    འབྲི་གཡག་ཐོན་ལས་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ།

    འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་བར་འབྲི་གཡག་གསོ་སྤེལ་དང་ཁ་འབྲལ་ཐབས་མེད། 2017ལོར། ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོར་ས་གཙང་འབྲོག་ར་དངོས་སུ་བཙུགས་ཤིང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་གསོ་བྱས་པར་ཉིན་བདུན་ནང་སྐྱེ་འཚར་བྱུང་བ་དང་། ས་བོན་ཏུན་1ལ་རྩྭ་ཏུན་10སྐྱེས་ནས་དགུན་ཁར་འབྲོག་ཁུལ་དུ་གཟན་རྩྭ་དང་གཟན་ཆག་དཀོན་པའི་གནད་དོན་ཐག་གཅོད་ཐུབ་པ་དང་ཆབས་ཅིག ས་གཙང་འབྲོག་རས“འབྲི་གཡག་མ་རྐང་ལ་ཞུགས་པ་དང་། རྩྭ་ར་བརྒྱུད་བཤུག འབྲོག་པ་གླིང་ཁུལ་དུ་ཞུགས་པ”བཅས་ཀྱི་གཉེར་སྐྱོང་བྱེད་ཐབས་ལ་བརྟེན་པས། འབྲི་གཡག་གི་འབྱུང་ཁུངས་བརྟན་པོ་བྱུང་བ་མ་ཟད། འབྲོག་པར་ཡང་ཕན་པ་ཐོབ་ཡོད། ས་གཙང་འབྲོག་ར་འཕེལ་རྒྱས་བཏང་བ་ཕུད། ཁྱིམ་ཚང་འབྲོག་ར་དང་མཉམ་ལས་ཁང་ཡང་འདམ་གཞུང་རྫོང་གིས་གཞི་ཁྱོན་ཅན་གྱི་གསོ་ཚགས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད།

    མཉམ་ལས་ཁང་བཙུགས་ཚུན། སྔ་རྗེས་སུ་མང་ཚོགས་དུད་ཚང་377མཉམ་ལས་ཁང་དུ་ཞུཊ་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་བསྡོམས་འབོར་གྱི་89%ཟིན་པ་དང་། 2022ལོར་རིམ་རྩིས་བྱས་ན། འབྲི་གཡག་བཤས་གཏོང་ཚད་1692ཟིན་ནས་ཡོང་འབབ་སྒོར་ཁྲི་72བྱུང་སྟེ་མང་ཚོགས་ལ་ཁེ་བཟང་སྒོར་ཁྲི་52བྱུང་བ་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་11.7བྱུང་ཡོད།

    འབྲི་གཡག་ཐོན་ལས་དར་རྒྱས་བཏང་ནས་ཐོན་ལས་འཁོར་འབྲེལ་སྣུར་བསྲིང་བྱས་པ།

    ཞིང་འབྲོག་ཐོན་རྫས་ཀྱི་བདེ་འཇགས་ཁུངས་འདེད་མ་ལག་དེས་འཛད་སྤྱོད་པས་ཐོན་རྫས་ཀྱི་འབྱུང་རྩ་ཁུངས་འདེད་ཐུབ་ལ། ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་ཀྱི་འབྲེལ་ཡོད་ཆ་འཕྲིན་ཡང་ལྟ་ཞིབ་ཐུབ་པས། འཛད་སྤྱོད་པའི“ལྕེ་ཐོག་བདེ་འཇགས”ལ་སྲུང་སྐྱོང་བྱེད་པའི་བྱ་ཐབས་གསར་པ་ཞིག་རེད། འདམ་གཞུང་རྫོང་གིས“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤ”སྤུས་རྟགས་སུ་བྱེད་པའི་ཐོན་ལས་འཁོར་འབྲེལ་ལ་བརྟེན་ནས་ནུས་པ་ཆེ་བའི་གསོ་ཚགས་རྒྱགས་གསོའི་ལག་རྩལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད། ཐོན་ལས་འཁོར་འབྲེལ་སྣུར་བསྲིང་བྱས་ནས་འབྲི་གཡག་གི་རིན་ཐང་འཁོར་འབྲེལ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང“ཁྱད་ལྡན་ཐོན་རྫས”ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྣེ་འདྲེན་ཁེ་ལས་ཀྱིས“འཁོར་འབྲེལ་གཙོ་བོའི”ནུས་པ་འདོན་པར་ཁྲིད་སྟོན་བྱས་ཏེ། གཟན་རྩྭའི་རྟེན་གཞི་དང་གསོ་ཚགས་རྟེན་གཞི་སོགས་འདུ་འགོད་ཁག་32བཀོད་སྒྲིག་བྱས་པས། ད་ཆ་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ་དང་། གཅིག་སྡུད་རྩྭ་འདེབས་ནས་དུད་སྣེའི་ཕྱིར་ཚོང་གི་འབྲི་གཡག་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་འབྲི་གཡག་ཐོན་ལས་མ་ལག་ཆགས་ཏེ། ཐོན་ལས་འཕེལ་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    2019ལོའི་ཟླ་10པར། འདམ་གཞུང་རྫོང་ཀའོ་ཡོན་ལན་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་དེང་རབས་བཟོ་རྩལ་འབྲི་གཡག་བཤས་གཏོང་ལས་སྣོན་བཟོ་གྲྭ་འདམ་གཞུང་དུ་བཙུགས་ནས་འཁོར་རྒྱུག་བྱེད་འགོ་ཚུགས། བཤས་གཏོང་ལས་སྣོན་བཟོ་གྲྭ་དེར་བཤས་གཏོང་བ་དང་། འཁྱག་པ་གཏོང་བ། ལས་སྣོན། དུག་སེལ། ནད་ཡམས་ཞིབ་བཤེར་སོཊ་བྱེད་ནུས་ཁུལ་བཙུགས་པ་མ་ཟད། ད་དུང་སི་ཕེན་ནས་འབྲེལ་ཡོད་ཀྱི་བཤས་གཏོང་སྒྲིག་ཆས་ནང་འདྲེན་བྱས་ཡོད།

    ནུས་པ་གང་ཡོད་བཏོན་ནས་ཁྱད་ལྡན་སྤུས་རྟགས་གསར་གཏོད་བྱས་པ།

    ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས“ལྷད་མེད་ཀྱི་འདམ་གཞུང”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཕན་འབྲས་ལ་བརྟེན་ནས་ཚགས་ཤ་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་རྫས་གསར་སྤེལ་དང་། ཚགས་ཤའི་མགྱོགས་ཟས་ཐོན་རྫས་དང་རིག་གནས་བསམ་བཀོད་ཐོན་རྫས་གསར་སྤེལ་སོགས་རྣམ་གྲངས་ཀྱི་གྲུབ་འབྲས་ནུས་ལྡན་ངང་སྤྱད་དེ། སྔ་རྗེས་སུ་འབྲི་གཡག་གི་ཐོན་རྫས་གཙོ་ཕལ་རིགས་20ལྷག་ཙམ་གསར་སྤེལ་བྱས་ཡོད།

    2015ལོར་འདམ་གཞུང་རྫོང་གིས“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤའི”ཁྱད་ལྡན་སྤུས་རྟགས་བཏོད་དེ“འདམ་གཞུང་རྫོང་གི་འབྲི་གཡག་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་དང་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་སྲུང་སྐྱོང”གྲུབ་འབྲས་ཐོབ་པའི་ངང་ཐོ་འགོད་བྱས་ནས་འདམ་གཞུང་རྫོང་གི“ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤར”SCངོས་འཛིན་ཁས་ལེན་ཐོབ་ཡོད། དེ་དང་ཆབས་ཅིག“ལྷད་མེད་ཀྱི་འདམ་གཞུང་·ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤ”སོགས་རང་སའི་ཁྱད་ལྡན་འབྲོག་ལས་ཐོན་རྫས་ཀྱི་སྤུས་རྟགས་ལ་བརྟེན་ནས་དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ལས་སྟེགས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། བཤས་གཏོང་བ་ནས་གསོལ་ཅོག་ཐོག་གཤོམ་པའི་བར་ཆུ་ཚོད་24ལས་འགོར་གྱི་མེད་པས། འཛད་སྤྱོད་པས་བློ་བདེའི་ཚགས་ཤ་སོས་པ་ཟ་ཐུབ་པ་དང་། ལྷ་ས་ཡུང་ཧུད་དང་པའེ་དབྱི་སོགས་སྒོ་རྩིས་ཚོང་ཁང་6གི་ཁྲོམ་བཀྱག་ཐོག་བཏོན་པར། རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་དང་གདེང་འཇོག་བཟང་པོ་ཐོབ་ཡོད།

    དེས་མ་ཚད། འདམ་གཞུང་རྫོང་གིས་ད་དུང་འབྲི་གཡག་རིག་གནས་ཀྱི་སྤུས་རྟགས་ལ་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ། ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་དང“520ལྷད་མེད་ཀྱི་འདམ་གཞུང”གི་དབྱར་རྩྭ་དགུན་འབུའི་རིག་གནས་དུས་ཆེན། “བྱང་ཐང་བུམ་པའི”སྟོབས་ཆེའི་འབྲི་གཡག་དཔྱད་བསྡུར་འགྲན་བསྡུར་སོགས་ཀྱི་བྱེད་སྒོར་བརྟེན་ནས་འདམ་གཞུང་རྫོང་གི་འབྲི་གཡག་སྤྱི་ཚོགས་ཐོག་ཁྱབ་ཚད་རྒྱུན་ཆད་མེད་པར་ཤུགས་ཆེར་ཕྱིན་པ་ལས་མང་ཚོགས་ཀྱི་འབྲི་གཡག་རྒྱགས་གསོ་དང་བཤས་གཏོང་བའི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། 

    འདི་ནི་ཁྲ་འབྲུག་གྲོང་རྡལ་གྱི་མང་ཚོགས་ཀྱིས་སྟོན་བསྡུའི་རྗེས་སུ་ཞིང་ཁར་རྨོད་རྒྱག་བཞིན་པ།

    འདི་ནི་ཁྲ་འབྲུག་གྲོང་རྡལ་གྱི་ཞིང་ལས་ཐོན་སྐྱེད་ཁུལ་ཡིན་པ།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ།

    བོད་ཀྱི་ལྷོ་རྒྱུད་དུ་ནས་ཀྱི་དྲི་བསུང་འཐུལ།

    “ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་དང་པོའི་སོན་འབྲུ་ཐོན་ཁུལ་ཡིན་པའི་ང་ཚོའི་་ནས་ཀྱི་ས་བོན་སྤུས་ཚད་ལེགས་ལ་འབྲུ་རྡོག་ཆེ་བ་དང་ཁྲོམ་རའི་རིན་གོང་རྒྱ་མ་རེར་སྒོར་གསུམ་དང་སྒོར་ཟུར་ལྔ་ཟིན་པའི་ཁར་མཁོ་སྤྲོད་ད་དུང་འདང་གི་མེད། ས་བོན་ཁོ་ན་བཙོངས་པའི་ཡོང་འབབ་མང་པོ་ཡོད་པས་མང་ཚོགས་ཀྱི་ས་བོན་འདེབས་པའི་ཧུར་སེམས་ཆེན་པོ་ཡོད”སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་སྡེ་ཁུལ་དུ་མང་ཚོགས་ཀྱིས་འདྲུད་འཐེན་འཕྲུལ་འཁོར་བཏང་སྟེ་མཉམ་ལས་ཁང་གི་སྒོ་རར་ས་བོན་ཕབ་ནས་རེས་མོས་ངང་ས་བོན་ལ་སྨན་རྒྱག་བཞིན་མཆིས།

    གྲོང་གསེབ་དར་རྒྱས་གཏོང་བར་སྔོན་ལ་ཐོན་ལས་འཕེལ་རྒྱས་གཏོང་དགོས།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་གྱིས་ནས་འདེབས་པའི་སྲོལ་རྒྱུན་ལེགས་ཆ་དང་། རྨང་གཞིའི་ལེགས་ཆ། འཕེལ་རྒྱས་ཀྱི་ལེགས་ཆ་བཅས་ལ་བརྟེན་ཏེ་ནས་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། ཚན་རྩལ་ཅན་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ནས་ཀྱི་ཐོན་འབབ་འཕར་གང་ཐུབ་བྱས་པ་རེད། འདི་ལོའི་ཟླ་8པར། ཁྲ་འབྲུག་གྲོང་རྡལ“རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན(ནས)”ཁག་དང་པོར་བདེ་བླག་ངང་བདམས་ཐོན་བྱུང་བ་དེ་ཡང་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་རྡལ་འབའ་ཞིག་དེ་རེད་ལ། ལྷོ་ཁའི་ནས་ཀྱི་ཐོན་ལས་དེ་ཡང་འཕེལ་རྒྱས་ཀྱི་མགྱོགས་ལམ་ཐོག་སྐྱོད་འགོ་ཚུགས་པ་མཚོན་ཡོད།

    ཁེ་སྨད་སྡེ་ཁུལ་ནི་ཁྲ་འབྲུག་གྲོང་རྡལ་གྱི་དབུས་སུ་གནས་ཤིང་། དེ་ཡང་ལྷོ་ཁའི་གྲོང་ཁྱེར་རིམ་པའི་སོན་བཟང་གསོ་སྤེལ་རྟེན་གཞི་ཞིག་ཀྱང་རེད། 2011ལོ་ཚུན་དུ། སྡེ་ཁུལ་དེས་མང་ཚོགས་ཡོངས་སྐུལ་སློང་ཧུར་ཐག་བྱས་ཏེ་སོན་བཟང་གསོ་སྤེལ་ཐོན་ལས་འཕེལ་རྒྱས་བཏང་བ་མ་ཟད། 2015ལོར་བོད་ལྷོ་རྒྱུད་ཀྱི་ཚན་རྩལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། སོན་བཟང་གསོ་སྤེལ་ཐོན་སྐྱེད་དང་ཕྱིར་ཚོང་གིས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

    “ང་ཚོའི་སྡེ་ཁུལ་གྱི་སོན་བཟང་གི་སྤུས་ཚད་ཧ་ཅང་ཡག་པོ་ཡོད་པས་བྲིན་ཁ་རྒྱུག་པོ་འདུག ན་ནིང་མཉམ་ལས་ཁང་གིས་རིམ་རྩིས་བྱས་ན་ས་བོན་རྒྱ་མ་ཁྲི་63ལྷག་ཙམ་ལ་སྨན་བརྒྱབ་པ་མ་ཟད། མང་ཚོགས་ལ་རོགས་རམ་བྱས་ནས་ས་གནས་ཁག་ཏུ་ཕྱིར་ཚོང་བྱས་པས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་220.5ཟིན་པ་དང་། འབྲུ་རིགས་ཁོ་ན་བཙོངས་པ་ལས་འདེབས་འཛུགས་དུད་ཚང་ཚང་མར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2བྱུང་འདུག”ཅེས་ཁེ་སྨད་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་ངོ་སྤྲོད་བྱས།

    འདི་ལོ་ཁྲ་འབྲུག་གྲོང་རྡལ་དུ་ས་ཞིང་མུའུ་རེ་ནས་མང་ཤོས་ལ་ནས་རྒྱ་མ་865ལྷག་ཙམ་ཟིན་པ་ནི་དགའ་འོས་པའི་གྲུབ་འབྲས་ཤིག་རེད། གྲོང་རྡལ་དེའི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་པ་སངས་ཚེ་རིང་གིས། གྲུབ་འབྲས་དེ་དག་ཞིང་ལས་འཕྲུལ་ཆས་ཅན་དུ་100%འགྱུར་བ་དང་། ཚན་རིག་དང་མཐུན་ལ་ཕན་འབྲས་ལྡན་པའི་ཞིང་ནང་གཡོག་བྱེད་དང་ཐོན་སྐྱེད་གྲུབ་ཆ་ལེགས་སྒྲིག་དང་ཁ་འབྲལ་ཐབས་མེད་ཅེས་བཤད།

    དེ་དང་ཆབས་ཅིག ལྷ་སའི་ཁེ་ལས་ཤིག་དང་ཁྲ་འབྲུག་གྲོང་རྡལ་དབར་ནས་ཏུན་200ཡི་ཉོ་སྒྲུབ་གྲོས་མཐུན་བཞག་པ་དང་། སྔོན་ཐོན་གྱི་སྤྲི་དཀར་འདུས་ཚད་ཆེ་བའི་ནས་ལས་སྣོན་ཞིབ་ཚགས་བྱེད་མཁན་ཁེ་ལས་ཤིག་ཀྱང་ཁྲ་འབྲུག་གྲོང་རྡལ་དུ་བཙུགས། རྣམ་གྲངས་དེ་དག་ལ་སྐུལ་འདེད་བཏང་བ་ལས་ཁྲ་འབྲུག་གི་ནས་ཐོན་ལས་ཅན་དུ་འགྱུར་མགྱོགས་སུ་འགྲོ་བཞིན་མཆིས།

    ད་ཆ་ཁྲ་འབྲུག་གི་ནས་སྐད་གྲགས་ཆོད་ཅིང་། “བོད་ཀྱི་ཞིང་ཁ་དང་པོར”གྲགས་པའི་སྣེ་གདོང་ཆུས་ཀྱི་ནས་འདེབས་འཛུགས་མ་ལག་རྒྱལ་ཡོངས་ཀྱི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཁག་དྲུག་པའི་མིང་གཞུང་དུ་བཅུག་པ་དང་། ཁྲ་འབྲུག་གི་ནས་མཚོན་བྱེད་དུ་བྱེད་པའི“སྣེ་གདོང་གི་ནས”ལ་རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཆོག་མཆན་ཐོབ་པ་ལ་སོགས་ལས་ནས་ས་གནས་དེ་གའི་ཁྱད་ཆོས་དང་མཚོན་བྱེད་རང་བཞིན་གྱི་ལེགས་ཆ་ལྡན་པའི་འདེབས་འཛུགས་ཐོན་ལས་ཤིག་ཏུ་གྱུར་ནས་ཞིང་ལས་ཐོན་སྐྱེད་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།