• དྲ་མིག་པས་དམངས་ལ་ཞབས་འདེགས་ཧུར་ཐག་ཞུས་པ།

    —— སྒེར་རྩེ་རྫོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་པའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    སྒེར་རྩེ་རྫོང་འཆམ་གུག་གྲོང་ཚོའི་མང་ཚོགས་ཀྱིས་དྲ་མིག་པའི་ས་ནས་སྐར་མ་དང་བརྗེས་པའི་འཚོ་བའི་མཁོ་ཆས་ལེན་བཞིན་པ།

    འདི་ལོའི་ཟླ་4པར། ལོ་24ལ་སླེབས་པའི་པད་མ་བདེ་ཆེན་སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་ལུང་རི་སྡེ་ཁུལ་གྱི་དྲ་མིག་པར་བདམས་པ་དང་། ཁོ་མོའི་ལས་ཀ་ནི་རྫོང་གྲོང་གི་དྲ་མིག་8པའི་མང་ཚོགས་དུད་ཚང་290ལ་ཞབས་འདེགས་ཞུ་དགོས་ཀྱི་ཡོད། དུས་དེ་ནས་བཟུང་སྟེ། པད་མ་བདེ་ཆེན་གྱིས་མི་ཚེའི་ལེའུ་གསར་པ་ཞིག་ཕྱེ་བ་རེད།

    གཉེན་སྒྲིག་རིགས་ཀྱི་འགལ་ཟླ་རྩོད་གཞི་དང་གློག་སྐུད་རྙིང་པ་ཆགས་པ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་དེ་དག་ང་ཚོས་འཕྲལ་དུ་ཐག་གཅོད་དང་གོང་རིམ་ལ་ཞུ་གི་ཡོད། མང་ཚོགས་ཀྱིས་ང་ཚོར་ཡིད་ཆེས་ཆེན་པོ་བྱས་ནས་གནད་དོན་གང་ཞིག་ཕྲད་ནའང་ང་ཚོ་འཚོལ་རྐྱང་བྱེད་ཀྱི་རེད། སྒེར་རྩེ་ནི་ངའི་ཕ་ཡུལ་རེད། ཕ་ཡུལ་ལ་རང་ནུས་འདོན་རྒྱུ་བྱུང་བས་ཧ་ཅང་དགའ་པོ་འདུག ངས་ལས་ཀ་འདི་མུ་མཐུད་བྱེད་ཀྱི་ཡིན་ཞེས་པད་མ་བདེ་ཆེན་གྱིས་གསར་འགོད་པར་བཤད།

    པད་མ་བདེ་ཆེན་དང་འདྲ་བའི་དྲ་མིག་པ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་འབད་བརྩོན་འོག སྒེར་རྩེ་རྫོང་གི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་རྫོང་ཡོངས་སུ་ཉེས་དོན་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་37%ཆག་ནས་སྤྱི་ཚོགས་སྤྱི་ཡོངས་དུས་བདེ་བརྟན་ལྷིང་ཡོད་པ་དང་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཤུགས་ཆེན་ཕྱིན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་བཟང་པོ་ཐེབས་ཡོད།

    ད་ཆ་དྲ་མིག་ཉེན་རྟོག་པ་དང་དྲ་མིག་པས་དྲ་མིག་ནང་གི་དམངས་ཕན་ཞབས་འདེགས་དང་། སྤྱི་ཚོགས་དོ་དམ། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་སོགས་ལས་དོན་གྱི་འགན་འཁུར་གྱི་ཡོད་པས། རྫོང་ཡོངས་སུ་ས་ཆ་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་། དུད་ཚང་ཚང་མར་ཞབས་འདེགས་ཞུ་མཁན་ཡོད་པ། གྲོང་ཚོའི(གྲོང་ལྷན)ལས་དོན་ཆེ་ཆུང་ཚང་མ་དང་དེ་བཞིན་མང་ཚོགས་ཀྱི་རེ་འདུན་ཚང་མ་དྲ་མིག་གི་ནང་དུ་ཐག་གཅོད་ཐུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ནས། “དྲ་མིག་ཏུ་གནད་དོན་ཤེས་པ་དང་དྲ་མིག་ཏུ་གནད་དོན་ཐག་གཅོད་བྱེད་པའི”གཞི་རིམ་བཅོས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཞིག་བཏོད་དེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཀྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད་ཅེས་སྒེར་རྩེ་རྫོང་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་ལེང་གིས་བཤད།

    གཞན་ཡང་། གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས། གནད་སྨིན་བཅས་ཀྱི་སྒོ་ནས་འབྲོག་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་བསྒྲུབ་ཆེད། སྒེར་རྩེ་རྫོང་གིས་དུང་མཚོ་ཤང་ཚེ་རིང་མགོ་ལེབ་གྲོང་ཚོ་དང་འོ་མ་ཤང་འཆམ་གུག་གྲོང་ཚོར“གྲོང་སྲོལ་དམངས་ཆིངས་དང་ཁྱིམ་ཚང་གི་སྐར་མའི་ལམ་ལུགས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་རེས་དང་གཞི་རིམ་གྱི་དྲ་མིག་དང་གྲོང་ཚོའི་ཉེན་རྟོག་ས་ཚིགས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་རེས”ཀྱི་ལས་ཀའི་རྣམ་པ་འཚོལ་ཞིབ་དང་ཁྱབ་གདལ་བཏང་སྟེ། དྲ་མིག་ཅན་གྱི་དོ་དམ་གསར་གཏོད་ལ་ཕན་འབྲས་རགས་ཙམ་ཐོན་ཡོད།

    འཆམ་གུག་གྲོང་ཚོའི་ཉེན་རྟོག་པ་ལི་དབྱང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོ་ཚོས་གྲོང་སྲོལ་དམངས་ཆིངས་ཀྱི་ནང་དུ། མཉམ་སྡེབ་བྱེད་སྒོར་ཞུགས་པ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཡ་རབས་ཡུལ་སྲོལ་གཏོད་པ། སྡོད་མལ་ཁོར་ཡུག་བཅོས་སྒྲིག བདེ་འཇགས་ཐོན་སྐྱེད་འགན་ལེན། རང་རྟེན་འབབ་འཕར་ཕྱུག་འགྱུར་སོགས་ཀྱི་ནང་དོན་ཆེན་པོ་བདུན་གཏན་འབེབས་བྱས་པ་དང་། མང་ཚོགས་ཀྱིས་ནང་དོན་དེ་དག་ལེགས་པར་བསྒྲུབས་ཚེ་དེ་མཚུངས་ཀྱི་སྐར་མ་སྤྲོད་ཀྱི་ཡོད་ཅིང་། སྐར་མ་དེ་དག་གིས་གྲོང་ཚོའི་སྐར་གསོག་སྒོ་རྩིས་ཚོང་ཁང་ནས་བྱ་དགའི་ཅ་ལག་སྣ་ཚོཌ་བརྗེ་ཆོག་པ་དང་། སྐར་མ་མང་པོ་ཡོད་ཚེ་བརྙན་འཕྲིན་དང་གོས་འཁྲུའི་འཕྲུལ་འཁོར་སོཌ་ཀྱི་ཁྱིམ་སྤྱོད་གློག་ཆས་ཆེ་གྲས་ཀྱང་བརྗེ་ཆོག་གི་ཡོད།

    མིག་སྔའི་བར་འཆམ་གུག་གྲོང་ཚོའི་མང་ཚོགས་དུད་ཚང་18ཀྱིས་སྐར་གསོག་སྒོ་རྩིས་ཚོང་ཁང་ནས་འཚོ་བའི་མཁོ་ཆས་སྣ་ཚོགས་བརྗེས་པ་དང་། གྲོང་སྲོལ་དམངས་ཆིངས་ལ་རང་འགུལ་ངང་བརྩི་སྲུང་ཞུ་བའི་ཚང་མའི་འདུན་པ་ཧ་ཅང་དྲག་པོ་ཡོད་ལ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཁག་ལ་ཞུགས་པའི་ཧུར་སེམས་ཀྱང་ཆེན་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།