དགོངས་པའི་སྒུལ་ཤུགས་ཉམས་སུ་མྱོང་། འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ།
—— མངའ་རིས་ས་ཁུལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་བྱེད་སྒོ་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།
ཉེ་ཆར། མངའ་རིས་ས་ཁུལ་གྱི་རིམ་ཁག་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། ས་ཁུལ་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་དང་ལས་བྱེད་པས་སེམས་པ་རྣལ་དུ་ཕབ་ནས་དཔེ་ཀློག་དང་། རིགས་པའི་གཞུང་ལུགས་ལ་བརྩོན་ཞིབ། ཕན་ཚུན་སྤེལ་རེས་བཅས་བྱས་པས། བསམ་བློ་ཆབ་སྲིད་ཐད་ཞུན་བརྡར་ཐེབས་པ་དང་། བསམ་བློའི་གོ་རྟོགས་མཐོ་རུ་ཕྱིན་པ། ལག་བསྟར་དོན་འཁྱོལ་དེ་བས་བློ་ཐག་ཆོད་པ་བཅས་བྱུང་སྟེ། “འགག་རྩའི་ཉུང་ཤས”ཀྱིས་ས་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོའི་སྣེ་ཁྲིད་དེ་རིམ་པ་བཞིན་རྗེས་སྙེག་པའི་དམིགས་ཡུལ་གྲུབ་ཡོད།
མངའ་རིས་ས་ཨུད་ཀྱིས་འདི་ལོའི་ཟླ་5པ་ནས་བཟུང་། རྫོང་ཁག་དང་ས་ཁུལ་ཐད་གཏོགས་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་ཀློག་དཔེ་དེབ་རིགས་ལྔ་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་ནང་དོན་དུ་བཅུག་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་ཟབ་སྦྱོང་ཐུབ་པར་བྱས་ཡོད། ས་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་ཚོགས་འདུ་འཚོགས་རྗེས། ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭའི་ཇུས་གཞི་འཕྲལ་མར་བཟོས་ནས། ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭའི་བྱེད་སྒོ་ཏན་ཏིག་ངང་སྤེལ་ཡོད། རིམ་ཁག་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱི་འགོ་ཁྲིད་ལས་བྱེད་པས“འགག་རྩའི་ཉུང་ཤས”ཀྱི་གོང་གིས་འོག་ལ་སྣེ་ཁྲིད་པའི་ནུས་པ་བཏོན་ནས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་བསམ་གཞིག་གཏིང་ཟབ་བྱས་ཏེ་རྒྱུན་མཐུད་སློབ་སྦྱོང་དང་ལས་གནས་དང་ཟུང་འབྲེལ་གྱིས་ཁོང་དུ་ཆུད་པར་བཅས་བྱས་ཡོད། མིག་སྔའི་བར་ས་ཁུལ་ཡོངས་སུ་ཁྱོན་དཔེ་ཀློག་འཛིན་གྲྭ་ཐེངས་66གཉེར་བའི་ནང་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་འཛིན་གྲྭ་ཐེངས་1དང་། ས་ཁུལ་གྱི་འཛིན་གྲྭ་ཐེངས་53 རྫོང་7གྱི་འཛིན་གྲྭ་ཐེངས་12བཅས་གཉེར་བ་རེད།
ས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭའི་སློབ་གཉེར་བ་35ཡིས་ཉིན་བདུན་གྱི་དུས་ཚོད་སྤྱད་དེ་དུས་མཚམས་གཉིས་སུ་ཕྱེ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། དོན་སྙིང་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་བྱས་ཏེ་བརྡར་ཤ་གཅོད་ནུས་དང་། གོ་རྟོགས་སད་ནུས། ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། རྫོང་ཁག་དང་ས་ཁུལ་ཐད་གཏོགས་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱི་འགོ་ཁྲིད་ལས་བྱེད་པ་518ཀྱིས་གཅིག་སྡུད་དབྱིངས་ཞུགས་རྣམ་པའི་སློབ་སྦྱོང་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ངེས་ཀློག་དཔེ་དེབ་རིགས་5ནན་ཏན་བཀླགས་པ་རེད།
རིམ་ཁག་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱི་འགོ་ཁྲིད་ལས་བྱེད་པས་བརྗོད་དོན་གཙོ་བོའི་སློབ་གསོའི“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས། རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་འཁུར་བ། ལས་དོན་སྒྲུབ་པ་བཅས་མཐའ་འཁྱོངས་ཀྱིས་ཉིན་1གི་དུས་ཚོད་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། སློབ་སྦྱོང་གི་མྱོང་ཚོར་ལྷུག་གླེང་དང་། ལག་བསྟར་གྱི་བསམ་ཕྱོགས་ལ་བསམ་གཞིག་གཏིང་ཟབ་བྱས་ཏེ་བྱ་ཐབས་སྣ་ཚོགས་བཏོན་ཡོད། མིག་སྔའི་བར་དཔེ་ཀློག་འཛིན་གྲྭར་ཞུགས་མཁན་ལས་བྱེད་པ་ཁྱོན་553ཡོད་པའི་ནང་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་35དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་518ཡོད་ཅིང་། བགྲོ་གླེང་དཔྱད་ཡིག་553གྲུབ་ཡོད་པ་རེད།
ས་ཨུད་རྩ་འཛུགས་པུས་ཏང་སྤྱི་ཁྱབ་ཀྲི་པུའི་བྱེད་སྒོར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སོགས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་གཅིག་སྡུད་སློབ་སྦྱོང་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཧུར་སེམས་རྒྱུན་མ་ཆད་པར་སྐུལ་སློང་བྱས་ཡོད། མིག་སྔའི་བར་རྫོང་ཁག་དང་ཚན་པ་ཁག་གིས་དཔེ་ཀློག་འཛིན་གྲྭ་གཉེར་རིང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སོགས་གོ་སྐབས་སུ་བྱས་ཏེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་བྱེད་སྒོ་སྣ་ཚོགས་ཐེངས་50སྤེལ་བར་ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པ་མི་ཐེངས་ཁྲི་1.1ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།