དབུ་ཤོག>ཆེད་སྒྲིག
  • ས་མཐོའི་ཡུལ་སྐོར་གྱིས་ཞིང་འབྲོག་པའི་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོར་བརྗིད་ཆེའི་རི་བོ་དང་ཚང་ཚིང་ལྗོན་ཤིང་གིས་ཁེངས་པས། “ཡུལ་ལྗོངས་མཛེས་ཤོས”ཀྱི་རྒྱལ་ལམ་318ཀྱི་འགྲམ་དུ་གནས་པའི་བཀྲ་ཤིས་སྒང་གྲོང་ཚོར་སྔ་ས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

    གྲོང་མི་སྒྲོལ་མ་ལྷ་མོས་ཁྱིམ་ཚང་མགྲོན་ཁང་གཉེར་ནས་ལོ་12སོང་ཞིང་། 2021ལོར་ཁོང་གིས་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་70གཡར་བ་དང་དེའི་སྟེང་ཁྱིམ་གྱི་བསགས་དངུལ་བསྣན་ནས་ཁྱོན་སྒོར་ཁྲི་180བཏང་སྟེ་ཐོག་སོ་གཉིས་ལྡན་གྱི་ཁང་པ་གསར་པ་ཞིག་བརྒྱབ་ནས་སྤུས་དག་གི་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་བ་མ་ཟད། ད་དུང་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་བོད་ཟས་མ་བྱན་དང་གཉེར་སྐྱོང་དོ་དམ་སོགས་རིན་མེད་གསོ་སྦྱོང་སྣ་ཚོགས་ནང་ཧུར་ཐག་ཞུགས་ཡོད། ཡུལ་སྐོར་བ་མང་བའི་དུས་སུ་ཁོང་ཁྱིམ་གྱི་ཁང་མིག་16ལ་ཆ་སྙོམས་ཞག་སྡོད་བྱེད་ཚད་70%ཟིན་གྱི་ཡོད། “གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཡག་པོ་དེ་འདྲ་ཡོད་པས་ངས་གོ་སྐབས་དམ་འཛིན་གྱིས་ལས་ཀ་ཧུར་ཐག་བྱེད་ཀྱི་ཡིན”ཞེས་སྒྲོལ་མ་ལྷ་མོས་བཤད།

    མིག་སྔར་གྲོང་ཚོ་ཡོངས་ཀྱི་དུད་ཚང་67ནང་དུད་ཚང་51གིས་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད། བཀྲ་ཤིས་སྒང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལི་ཡུན་ཧའེ་ཡིས་ན་ནིང་གྲོང་ཚོ་དེའི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.3ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཡུལ་བབ་དང་བསྟུན་ནས་སྤྲོ་གསེང་དང་། ལྟ་སྐོར། ལུས་གསོ་སོགས་གཞི་གཅིག་ཅན་གྱི་གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་ཡུལ་སྐོར་དེ་ཁྱད་ལྡན་ཅན་དང་།ན་ལས་ཅན། སྤུས་རྟགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་ཁྲིད་སྟོན་གྱིས་གྲོང་གསེབ་དར་རྒྱས་དང་ཕན་ཚུན་མཉམ་འདྲེས་བྱེད་པའི་ཐབས་ལམ་གསར་པ་དང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས་གྲ་མ་ལུང་གྲོང་ཚོ་དང་ཆུ་གསེར་གྲོང་ཚོ་སོགས་སུ་ལྗོངས་གཟིགས་སྟེགས་བུ་བསྐྲུན་ཞིང་། སྤྱི་པའི་གསང་སྤྱོད་དང་རླངས་འཁོར་འཇོག་ས་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་ཆབས་ཅིག གྲོང་མིར་བཟའ་བཏུང་དང་། ཡུལ་ཟོག་འཚོང་བ། གཡག་བཞོན་སྟངས་ཉམས་ལེན་སོགས་ཀྱི་ཞབས་ཞུ་གཉེར་རྒྱུའི་ཁྲིད་སྟོན་བྱས་པས་ཡུལ་སྐོར་བའི་དགོས་མཁོ་བསྐངས་ཡོད།

    གྲོང་མི་པ་སངས་ཀྱིས“དེ་སྔ་ཞིང་ཁ་འདེབས་པ་དང་ཕྱུགས་འཚོ་བར་ཡོང་འབབ་དེ་ཙམ་མཐོ་པོ་མེད། ད་ཆ་སྲིད་གཞུང་གིས་གྲོང་གསེབ་ཡུལ་སྐོར་སྤྱི་འདོམས་འཕེལ་རྒྱས་བཏང་བས་གྲོང་མིར་ཡོང་འབབ་ཡག་པོ་བྱུང་བ་མ་ཟད། གྲོང་ཚོ་མཉམ་སྡེབ་ལ་ལོ་ལྟར་མཛེས་ལྗོངས་ཁུལ་ནས་ཡོང་འབབ་སྒོར་ཁྲི་200རག་གི་ཡོད། ཡོང་འབབ་མང་དུ་ཕྱིན་པས་འཕེལ་རྒྱས་ཀྱི་སེམས་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བཤད།

    ན་ནིང་བོད་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་850ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་10ཙམ་བྱུང་ནས་ཞིང་འབྲོག་མང་ཚོགས་ཁྲི་8.5ཙམ་ལས་ཞུགས་སྐུལ་ཁྲིད་ཐུབ་ཡོད། འདི་ལོ་བོད་ཀྱིས་མཛེས་ལྗོངས་ཁུལ་གྱིས་གྲོང་ཚོ་དང་ཐོན་རྫས་ཀྱིས་དུད་ཚང་ལ་སྣེ་ཁྲིད་བྱེད་པའི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་གཏིང་ཟབ་ཏུ་བཏང་བའི་ཁར་གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ཤན་པ་སོགས་གསོ་སྦྱོང་གི་འདུ་འགོད་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ནས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་ཕྱིན་ཡོད། (《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས་པ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།