དབུ་ཤོག>ཆེད་སྒྲིག
  • མཛངས་མའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ། མཛངས་མའི་ཉམས་འགྱུར་རབ་ཏུ་མངོན།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀྲག་མདངས་འཚེར་བའི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-29

    དམངས་ལ་བྱ་བ་དངོས་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་བརྒྱུད། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ལ་དམིགས་ནས། ལྟེ་བའི་ལས་དོན་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་དམངས་ལ་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། བུད་མེད་དང་བྱིས་པའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་གསར་པར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད།

    ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་། ཤང་། གྲོང་ཚོ་བཅས་མང་པོར“སྐྱེད་མའི་བསྐུར་མ”སྤྲོད་པའི་བྱེད་སྒོ་སྤེལ་ནས་དཀའ་ངལ་ཡོད་པའི་བུད་མེད་335ལ“སྐྱེད་མའི་བསྐུར་མ”སྤྲད་དེ་སེམས་ནུས་ཡོད་རྒུས་གཅེས་སེམས་མཚོན་པའི་ལས་དོན་ཡག་པོ་བསྒྲུབས་ཡོད།

    དེ་དང་དུས་མཚུངས་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་རྟག་ཏུ་གཞི་རིམ་གྱི་བུད་མེད་མང་ཚོགས་སྒྲིག་འཛུགས་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། རང་ལྗོངས་ཀྱི་བུད་མེད་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    པེ་ཅིང་གྲོང་ཁྱེར་གྱི་བོད་སྐྲུན་བོད་སྐྱོར་མཐུན་ཚོགས་དང་མཉམ་དུ་ལྗོངས་ཡོངས་ཀྱི་མཐའ་མཚམས་དང་ས་བབ་མཐོ་བའི་རྫོང་དང་ཆུས་21གི་གྲོང་ཚོ་དང་གྲོང་ལྷན་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པ་50སྒྲིག་འཛུགས་བྱས་ནས་པེ་ཅིང་དུ་རྟོག་ཞིབ་ཉིན་10དང་སློབ་སྦྱོང་བྱེད་པར་བསྐྱོད་ཡོད། ས་ཡུལ་དངོས་ལ་ལྟ་སྐོར་དང་། བཞུགས་མོལ་སྤེལ་རེས། རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།

    སྤུས་ཚད་དེ་བས་མཐོ་བའི་བུད་མེད་ཀྱི་ལས་ཞུགས་ལས་གཏོད་ལ་སྔར་བས་སྐུལ་འདེད་གཏོང་ཆེད། འདི་ལོའི་ཟླ་གསུམ་པར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ལས་ཞུགས་བརྟན་པོ”དང“ལས་ཞུགས་འགན་ལེན”གྱི་ལས་དོན་ལ་དམིགས་ནས“མཉམ་འབྲེལ”གྱི་ལེགས་ཆ་གང་ལེགས་བཏོན་ཏེ། གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོཌ་དང་མཉམ་དུ་2023ལོའི་ལོ་འཁོར་གྱི་གཞིས་རྩེ་གྲོང་ཁྱེར་གྱི“བུད་མེད་ཀྱིས་བྱ་གཞག་རླབས་པོ་ཆེ་གཏོད། གཞིས་རྩེའི་ཕུཌ་འདུན་མངོན་འགྱུར་བྱེད”བུད་མེད་ཀྱི་ལས་གཏོད་གསར་གཏོད་ཀྱི་དམིགས་བསལ་སྦྱོང་བརྡར་སྒར་ས་གཉེར་བ་དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་། རྒྱལ་རྩེ་རྫོང་། པ་སྣམ་རྫོང་། ཁང་དམར་རྫོང་། ལྷ་རྩེ་རྫོང་། ས་སྐྱ་རྫོང་བཅས་རྫོང་དང་ཆུས་6གི་ཕུལ་བྱུང་བུད་མེད་ལས་གཏོད་པ་བྱེད་སྒོར་ཞུགས་ཡོད།

    སྦྱོང་བརྡར་སྒར་ས་དེས་གཞིས་རྩེ་གྲོང་ཁྱེར་གྱི་བུད་མེད་ལས་གཏོད་པའི་འཕེལ་རྒྱས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཆེད་ལས་གསོ་སྦྱོང་བྱས་པ་བརྒྱུད་བཙུགས་མ་ཐག་པའི་ཁེ་ལས་ཀྱི་འགན་འཁུར་བའི་ལས་གཏོད་ཤེས་བྱ་ཟབ་ཏུ་དང་རྩལ་ནུས་ཆེ་རུ་བཏང་བ་དང་། ཁེ་ལས་ལ་འཕེལ་རྒྱས་གཏོང་རིང་འཕྲད་པའི་གནད་དོན་ཁག་གཅིག་ཐག་གཅོད་བྱེད་རོགས་བྱས་པ། བུད་མེད་ཀྱི་ལས་གཏོད་ལམ་ལྷོངས་ཐུབ་ཚད་མཐོ་རུ་བཏང་བ། བུད་མེད་དེ་བས་མང་བར་ལས་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་ནས་ལྕག་སྐུལ་ཡང་བཏང་ཡོད།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་བུད་མེད་མང་ཚོགས་རྩལ་ནུས་གསོ་སྦྱོང་སྣ་ཚོགས་ནང་ཞུགས་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ཤིང་། རིགས་པའི་གཞུང་ལུགས་སློབ་ཁྲིད་དང་དངོས་སུ་ལག་པ་འགུལ་བ་བརྒྱུད། བུད་མེད་མང་ཚོགས་ཀྱིས་ཆེད་ལས་ལག་རྩལ་སྣ་གཅིག་ཤེས་པ་དང་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་བཏང་ཡོད།

    ཉིན་ཤས་གོང་། ནག་ཆུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་དང་ཆུས་ཁག་གི་བུད་མེད་30སྒྲིག་འཛུགས་ཧུར་ཐག་བྱས་ཏེ། ལེའོ་ཉིང་དུ་གཡོས་སྦྱོར་ལག་རྩལ་གསོ་སྦྱོང་བྱས་ནས་མ་བྱན་གྱི་ལག་རྩལ་ཡག་ཏུ་བཏང་བས་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ཏེ་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་དཔལ་འབྱོར་གྱི་ཡོང་འབབ་མང་དུ་ཕྱིན་ཡོད།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། རང་སྐྱོང་ལྗོངས་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་སྔར་རྒྱུན་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བྱ་གཞག་རླབས་པོ་ཆེའི་འཛུགས་སྐྲུན་པ་དང་། ཤེས་དཔལ་དར་སྤེལ་གཏོང་མཁན། ཕུགས་འདུན་དོན་གཉེར་བྱེད་མཁན་གྱི་འབད་འཐབ་པ་བཅས་བྱས་ཏེ། གྲུབ་འབྲས་དེ་བས་ཆེ་བའི་ཐོག་ནས“གནམ་ཕྱེད་ཀ་འདེགས་པའི”གྲུབ་འབྲས་གསར་པ་མུ་མཐུད་བཏོད་དེ་གངས་ལྗོངས་ས་མཐོར་བུད་མེད་ཀྱི་ཉམས་འགྱུར་ཆེས་ཆེར་མངོན་པར་བྱེད་ཀྱི་ཡིན་ཞེས་བཤད།

    --  --

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།