དབུ་ཤོག>ཆེད་སྒྲིག
  • མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-29

    རླབས་ཆེན་གྱི་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱས་ནས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱེད་དགོས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བའི་མཚམས་སུ“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཟླ་5ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་རྒྱལ་ཁབ་ཅིག་གི་འགྲོ་བ་མིའི་ཐོབ་ཐང་གནས་ཚུལ་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་ཞིང་། ཚད་གཞི་གལ་ཆེན་འདི་ནི་མི་དམངས་ཀྱི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དང་། འཕེལ་རྒྱས་ནི་མི་དམངས་བདེ་སྐྱིད་ཡོང་བའི་འགག་རྩ་ཡིན་པ་དེ་རེད། རྟེན་འབྲེལ་འཕྲིན་ཡིག་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་གདེང་འཇོག་གང་ལེགས་གནང་ཞིང་། གྲུབ་འབྲས་རླབས་པོ་ཆེ་འདི་ནི་བོད་ལྗོངས་འདི་ཉིད་ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་ནག་གི་འཆིང་རྒྱ་ལས་རྦད་དེ་བསྒྲལ་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་ཀྱི་རྣམ་པ་མངོན་པ་དེ་རེད། རྟེན་འབྲེལ་འཕྲིན་ཡིག་ནང་བོད་ཀྱིས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གང་མགྱོགས་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ནས་མི་དམངས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད།

    རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་གང་ལེགས་མཚོན་པ་དང་། ས་མཐོའི་ས་གཞི་ཆེན་པོར་སྤྲོ་སེམས་རབ་ཏུ་འཕེལ་བ་དང་དགའ་སྤྲོ་རབ་ཏུ་འཁོལ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དྲོ་སྐྱིད་ལྷག་པར་ཚོར་བ་དང་སྐུལ་ལྕག་ཚད་མེད་ཐེབས་ཡོད།

    དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལོ་70ལྷག་ཙམ་དང་ལྷག་པར་དུ་དུས་རབས་གསར་པར་སླེབས་ཚུན་འཕེལ་རྒྱས་མྱུར་པོ་ཕྱིན་ནས། ཆབ་སྲིད་ལྷིང་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད། འདི་གའི་རང་བྱུང་ཡུལ་ལྗོངས་བརྗིད་ཉམས་མཛེས་སྡུག་ལྡན་ལ་ངོ་མཚར་ཆེ་བ་དང་། འདི་གའི་རིག་གནས་ལོ་རྒྱུས་རིང་ལ་ནང་དོན་གཏིང་ཟབ་པ། འདི་གའི་ཐོན་རྫས་ཕུན་སུམ་ཚོགས་ལ་ཐོན་ཁུངས་སྣ་ཁ་འཛོམས་པ། འདི་གའི་འཕེལ་རྒྱས་མྱུར་བ་དང་མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འབུངས་བྱས་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བ་སྐྱེལ་བཞིན་མཆིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་མཁས་མཛངས་ལྡན་ལ་ཡང་དག་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་མཁས་མཛངས་ལྡན་ལ་ཡང་དག་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་མཁས་མཛངས་ལྡན་ལ་ཡང་དག་པ་བཅས་ཡིན་པ་དོན་དངོས་ལས་ར་འཕྲོད་གང་ལེགས་ཐུབ་ཡོད། བོད་ཀྱི་འཕེལ་རྒྱས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡང་དག་པའི་འགྲོ་ལམ་དུ་སྐྱོད་པ་དང་། ཀྲུང་དབྱང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་དང་ཁ་འབྲལ་ཐབས་མེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད།

    མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་འབད་འབུངས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་གཅིག་ཏུ་སྒྲིལ་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་ཤིག་གང་མགྱོགས་འཕྱུར་བར་བྱས་ཏེ་བསམ་བློ་དང་བྱ་སྤྱོད་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ཐོག་མཐའ་གཅིག་ཏུ་གཅིག་གྱུར་ཡོང་བར་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་ཟུང་འབྲེལ་བྱས་ནས་རྟེན་འབྲེལ་འཕྲིན་ཡིག་གི་ཚན་རིག་དང་མཐུན་པའི་ནང་དོན་དང་། ལྟེ་བའི་དོན་སྙིང་། དགོངས་དོན་གྱི་ངོ་བོ་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལོན་པ། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱེད་པ་དང་། རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་ལ་དོན་འཁྱོལ་ཐུབ་པར་བྱེད་དགོས།

    དུས་རབས་གསར་པར་རྒྱང་ལམ་གསར་པར་སྐྱོད་པ་དང་། རྒྱང་ལམ་གསར་པར་ལེའུ་གསར་པ་རྩོམ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པར་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་དུང་བརྡ་བསྒྲགས་ཡོད། རྒྱང་ལམ་གསར་པར་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་བློ་བརྟན་འགྱུར་མེད་ངང་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ཐད་གོམ་སྟབས་གསར་པ་སྤོ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པའི་ཐད་རྣམ་པ་གསར་པ་གཏོད་དགོས། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས། མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་ཐད་གྲུབ་འབྲས་གསར་པ་ལེན་དགོས།

    འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ས་གཞི་འདིར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་རིམ་གྱིས་འགོད་བཞིན་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་འཆར་གཞི་འགོད་བཞིན་ཡོད་པ་ལས་ས་མཐོའི་བུ་ཕྲུག་གི་ཐུན་མོང་འབྱོར་ཕྱུག་གི་རེ་སྒུག་ཆེན་པོ་མཚོན་ཡོད། ད་ཐེངས་ཀྱི་གླེང་སྟེགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། ཕྱོགས་ཁག་གི་སྐུ་མགྲོན་གྱིས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་འདོན་པ་དེས་ཀྲུང་གོའི་བོད་ལྗོངས་དང་འཛམ་གླིང་དབར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། བསམ་ཤེས་ཟབ་ཏུ་གཏོང་བ། མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་ཀྱི་འབྲེལ་ཟམ་ཞིག་བཙུགས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་སྒུལ་ཤུགས་ཆེན་པོ་སྣོན་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    སྐབས་འདིའི་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།

    --  --

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།