2021ལོའི་ཟླ་7ཚེས་21ནས་23ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེས་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་བསྣན་པ་བཅས་བྱས་པས་དྲོ་སྐྱིད་ལྡབ་བརྒྱ་ཚོར་བ་དང་སྐུལ་ལྕག་ཆེན་པོ་ཐེབས་པའི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐེག་པ་ཁུར་ལེན་དང་ལས་དོན་སྒྲུབ་རྒྱུར་ལྕག་སྐུལ་ཐེབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྒྲིལ་ཡོད།
“དབུལ་ཞྭ་ཕུད་པ་ནི་མཇུག་རྫོགས་པ་ཞིག་མ་ཡིན་པར་འཚོ་བ་གསར་པ་སྐྱེལ་བ་དང་འབད་འཐབ་གསར་པ་བྱེད་པའི་འགོ་འཛུགས་ས་རེད”ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཚང་མས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་དེ་བས་དམིགས་ཏེ་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང(གྲོང་གསེབ་དར་རྒྱས་ཅུས)གི་ཀྲུའུ་རེན་དབྱིན་ཧྥེན་ཧྲུའེ་ཡིས་བཤད།
གྲོང་གསེབ་དར་རྒྱས་ཀྱི་འགག་རྩ་ནི་མི་ཡིན་པས་ལས་དོན་མིར་བརྟེན་ནས་སྒྲུབ་དགོས་པ་དང་བྱ་གཞག་མིར་བརྟེན་ནས་དར་རྒྱས་གཏོང་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་ངེས་པར་དུ་ཤེས་ལྡན་མི་སྣའི་འཇུར་མིག་གི་ཚོད་འཛིན་སེལ་དགོས། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཤའོ་ལེ་ཡིས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་ལས་གནས་སུ་ཞུགས་ཚུན།
ཉིང་ཁྲི་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་9ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པས་གྲོང་རྡལ་ལ་གྲོང་གསེབ་ཐོན་ལས་ཀྱི་འཆར་འགོད་10ལྷག་ཙམ་བཟོ་རོགས་བྱས་པ་དང་ལས་ཀའི་གྲོས་འགོ་30ལྷག་ཙམ་བཏོན་པ་དང་ཆབས་ཅིག་གྲོང་ཚོའི་ལས་བྱེད་པའི་རིག་གནས་བྱང་ཚད་མཐོ་རུ་བཏང་བ་དང་། དུད་ཚང་དུ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། དམངས་ཀྱི་བསམ་འདུན་ཉན་པ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་འཕྲལ་དུ་ཤེས་རྟོགས་བཅས་ལ་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བཤད།
བྲག་ཡིབ་ཆུས་སུ། དེ་སྔའི་གྲོང་གསེབ་དཔལ་འབྱོར“གཞི་ཁྱོན་ཆུང་ཡང་ཆ་ཚང་བ”ཡོད་རུང་སྟོབས་ཆེར་གཏོང་དཀའ། ཉིང་ཁྲི་སྨན་གླིང་གནམ་ཐང་རྒྱས་སྐྲུན་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་བཅས་ལས་ཡུལ་དེ་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྟབས་བདེ་བའི་འགྲིམ་འགྲུལ་གྱི་འདེགས་སྐྱོར་བྱུང་ཡོད། དེ་སྔའི་བོད་སྐྱོར་ལས་བྱེད་པ་ཏུང་ཀོན་གྲོང་ཁྱེར་མཚོ་འགྲམ་ཁུག་ཁུལ་གསར་ཏུང་ཀོན་གྲུ་ཁ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུན་ཧྲི་ཧུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་ཤེས་སྐབས་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས“དེ་སྔ་ང་ཚོས་ཕྱོགས་ཁག་གི་མ་དངུལ་གཅིག་འདོམས་བྱས་ཏེ་ཡུལ་འདི་གའི་ཡུལ་སྐོར་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་ཁམས་རགས་གྲོང་ཚོ་ནས་རྒྱ་རྭ་གྲོང་ཚོ་དང་མཁར་སྲིན་མོ་གྲོང་ཚོའི་བར་དང་། འབྲུག་མཆོད་རྟེན་གྲོང་ཚོ་ནས་བླ་མ་གླིང་དགོན་པའི་བར་གྱི་གཞུང་ལམ་ཉམས་བཟོ་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་གནས་དང་གནས་སྦྲེལ་བར་བྱས་ཡོད། དེ་དང་ཆབས་ཅིག་ཀ་ལ་གྲོང་ཚོར་ཁམ་བུའི་མེ་ཏོག་ཡུལ་སྐོར་གོང་འཕེལ་བཏང་ནས་བྲག་ཡིབ་གྲོང་རྡལ་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་སྐབས་བསྐྱུར་བའི་སོ་ཕག་སྤྱད་དེ་མཛེས་ལྗོངས་ཁུལ་གྱི་གྱང་ལེགས་སུ་གཏོང་བ་དང་། ཡུལ་སྐོར་བའི་སྣེ་ལེན་ལྟེ་གནས་སྐྲུན་པ། མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་ཉམས་བཟོ། ཡུལ་སྐོར་མཉམ་ལས་ཁང་འཛུགས་པ་བཅས་བྱས་ཡོད། རྣམ་གྲངས་བསྐྲུན་ཟིན་རྗེས་ཀ་ལ་གྲོང་ཚོར་2016ལོའི་མཉམ་སྡེབ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་50ཟིན་ནས་ལོ་མཇུག་ཏུ་དུད་ཚང་རེའི་གྲོང་མིར་ཁེ་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད”ཅེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རིའི་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ། གནས་སྤོས་དུད་ཚང་ཚེ་རིང་ཕུན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་རྟོག་ཞིབ་ལ་ཕེབས་པའི་སྐོར་གྱི་གསར་འགྱུར་ཡང་ཡང་བལྟས་ནས་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས“ང་ཚོའི་འདི་གར་འཕེལ་རྒྱས་ཇེ་ལེགས་སུ་འགྲོ་ཡི་འདུག ཚང་མ་འཚོ་བ་སྐྱིད་པོ་སྐྱེལ་བཞིན་ཡོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཐུགས་བློ་བདེ་པོ་གནང་རོགས”ཞེས་བཤད། སྲིན་བུ་རིའི་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་དུད་ཚང་ཚང་མ་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་བྱང་རྩྭ་ཐང་ནས་སྤོས་པ་ཤ་སྟག་རེད། འདི་གར་ཚང་མའི་འཚོ་བའི་ཁོར་ཡུག་དང་སྡོད་མལ་ཆ་རྐྱེན་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་སོང་ཡོད། ཚང་མ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་ཆེད། གྲོང་ཚོར་ཞིང་ར་བསྐྲུན་པ་མ་ཟད་ད་དུང་དྲོད་ཁང་ཆེ་མོ་བརྒྱབ་ནས་ལག་རྩལ་པས་འདེབས་འཛུགས་ལག་རྩལ་དམར་ཁྲིད་བྱེད་ཀྱི་ཡོད་ཅིང་། ཀུ་ཤུ་དང་། ཀྲོ་མ་ཀྲུ། ཧོང་ཀྭ གང་བུ། སོ་ལོ་སོགས་འདེབས་ཀྱི་ཡོད་པས་ན་གཞོན་ཚོ་གྲོང་ཚོར་ལས་ཞུགས་ཐུབ་ནས་ཁྱིམ་ཚང་ལ་ལྟ་རྟོག་ཐུབ་པ་མ་ཟད་ཡོང་འབབ་ཀྱང་འཕར་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་། ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་པའི་སྐུལ་ལྕག་གཏོང་དགོས་ཞེས་གསུངས་ཡོད།
འདི་ནི་སྤྱི་ཁྱབ་ཧྲུའུ་ཅིས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཐུགས་ལ་ཟབ་མོ་བཅངས་པ་ཞིག་རེད། མཐའ་མཚམས་ཤང་གྲོང་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྲས་ཤང་དུ། སྲས་གྲོང་ཚོ(དུས་ཐེངས་གསུམ་པ)ཚོགས་ཆུང་གཉིས་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་ད་ལྟ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད། སྲས་ཤང་གི་ཤང་ཀྲང་གཞོན་པ་བསྟན་འཛིན་སྐལ་བཟང་གིས“ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་གྲོང་གསེབ་དར་རྒྱས་དང་མཐའ་མཚམས་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་དང་ཡུལ་བབ་དང་བསྟུན་ནས་དམངས་ཕྱུག་ཐོན་ལས་གོང་འཕེལ་བཏང་སྟེ་མི་ཚང་མ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཏུ་འགྱུར་བ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།
-- --