དབུ་ཤོག>ཆེད་སྒྲིག
  • ཐང་གའི་སྒྱུ་རྩལ་དང་འགྲོགས་པའི་ཞ་ལུ་དབང་འདུས་ཀྱི་མི་ཚེའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསྟན་འཛིན། ལྷག་པ་ཚེ་རིང་། བསྟན་འཛིན་ཆོས་གྲགས།   |     སྤེལ་དུས།  2023-05-25

    ཞ་ལུ་དབང་འདུས་ཀྱིས་ཐང་ག་འབྲི་བཞིན་པ།

    དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།

    ཞ་ལུ་དབང་འདུས་ཀྱིས་དགེ་ཕྲུག་ལ་མཛུབ་སྟོན་གནང་བཞིན་པ།

    ཞ་ལུ་དབང་འདུས་ཐང་གའི་སྒྱུ་རྩལ་གླིང་གི་ཟུར་ཞིག་ཡིན་པ།

    “མི་ཞིག་གིས་མི་ཚེ་གཅིག་ལ་དོན་དག་ཆེ་བ་རེ་ཟུང་ལས་སྒྲུབ་མི་ཐུབ། བྱས་ཙང་། ང་ཚོས་རང་ཉིད་ཀྱིས་བདམས་པའི་ཆེད་ལས་དེ་ཡག་པོ་སྒྲུབ་དགོས” འདི་ནི་ཉེ་དུས་གསར་འགོད་པ་ཞ་ལུ་དབང་འདུས་ལ་བཅར་འདྲི་ཞུ་བར་སྐྱོད་སྐབས་ཁོང་གིས་མྱོང་ཚོར་ཟབ་མོས་གསུངས་པའི་བཀའ་མོལ་ཞིག་ཡིན་ལ། ཁོང་གི་མི་ལོ་བཞི་བཅུ་ཙམ་གྱི་ཐང་གའི་སྒྱུ་རྩལ་དང་འགྲོགས་པའི་མི་ཚེའི་ཤུལ་ལམ་རིང་མོར་ཕྱིར་མིག་ཅིག་ལྟ་སྐབས་ཁོང་གིས་འདི་འདྲ་བྱས་དང་བྱེད་མུས་ཡིན་པའི་བློ་སྐྱེད་ཅིག་ངམ་ངམ་ཤུགས་སུ་བྱུང་།

    ཞ་ལུ་དབང་འདུས་ནི་1974ལོར་གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཤང་ཞ་ལུ་གྲོང་ཚོར་སྐྱེས་པ་དང་། ཆུང་བྱིས་པའི་དུས་ནས་རི་མོ་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད་པ་མ་ཟད། རང་རྒྱུད་ལའང་སྐྱེ་སྟོབས་ཀྱི་རིག་པ་དམིགས་བསལ་ཅན་ཞིག་ཡོད། སྐབས་དེ་དུས་གྲོང་གསེབ་ཏུ་ཤོག་བུ་དང་སྨྱུ་གུ་སོགས་དཀོན་པའི་དབང་གིས་ཞ་ལུ་དབང་འདུས་ཀྱིས་རྟག་ཏུ་སྐྱ་དང་གྱང་སོགས་དཀར་པོ་གང་དུ་ཡོད་ན་དེ་རུ་སོལ་བས་ཞ་ལུ་དགོན་ནས་མཐོང་བའི་མཐུན་པ་སྤུན་བཞི་སོགས་ཀྱི་རི་མོ་འབྲི་བཞིན་ཡོད་པས། མི་མང་པོས་ཕྲུ་གུ་འདིས་རི་མོ་ཡག་པོ་འབྲི་གི་འདུག་ཅེས་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད།

    ཞ་ལུ་དབང་འདུས་ཀྱི་ཨ་མས་ཀྱང་རང་གི་ཕྲུ་གུ་རི་མོ་སྦྱོང་དུ་བསྐྱལ་ན་མདུན་ལམ་ཡག་པོ་ཞིག་མི་ཡོང་ངམ་སྙམ་ནས། ཞ་ལུ་དབང་འདུས་ལོ་9ལ་སླེབས་དུས། སྐབས་དེར་སྙན་པའི་བ་དན་ཕྱོགས་བཞིར་གཡོ་བའི་ཞ་ལུ་དགོན་པའི་མཁན་པོ་ལྷ་རིས་པ་གྲགས་ཅན་རྒན་སྐལ་བཟང་ལགས་ཀྱི་དྲུང་དུ་ཐང་ག་སྦྱོང་བར་མངགས། དེ་ནས་བཟུང་ཞ་ལུ་དབང་འདུས་དང་ཐང་གའི་བར་ལས་འབྲེལ་བཟང་པོའི་མདུད་པ་དམ་དུ་བཅིངས། རི་མོ་འབྲི་བའི་ཐད་ཞ་ལུ་དབང་འདུས་ལ་དམིགས་བསལ་གྱི་སྐྱེས་སྟོབས་ལྡན་ཡོད་པའི་ཁར། ནམ་ཞག་རྒྱུན་དུ་དཀའ་སྡུག་པང་དུ་ལེན་པར་ནུས་སྟབས། རི་མོའི་འབྲི་རྩལ་དང་དཔེ་སྦྱོང་གི་ཡོན་ཚད་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བར་བརྟེན། རྒན་སྐལ་བཟང་ལགས་ཀྱིས་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།

    1987ལོར་རྒན་སྐལ་བཟང་ལགས་བཀྲས་ལྷུན་དགོན་གྱི་ལྡེབས་རིས་ཉམས་གསོར་གདན་དྲངས་མོད། འོན་ཀྱང་སྐབས་དེར་རྒན་ལགས་ཁོང་སྐུ་ན་བགྲེས་པ་སོགས་ཀྱིས་རྐྱེན་པས། ཞ་ལུ་དབང་འདུས་དང་བཅས་པ་དགེ་ཕྲུག་3ལྡེབས་རིས་ཉམས་གསོར་མངགས། དེ་དུས་ཞ་ལུ་དབང་འདུས་ལོ་13ལ་སླེབས་ཙམ་ཡིན་པ་དང་གྲོང་གསེབ་ཀྱི་དགོན་པ་ཆུང་ཆུང་ཞིག་ནས་ཡོང་བའི་ཁོང་ལ་དཀའ་ཆེན་བློ་བཟང་ཕུན་ཚོགས་དང་རྒན་ཨ་དོན་ལགས་སོགས་མཁས་པ་མང་པོ་མཇལ་བས་ལྟ་རྒྱ་དང་ཐོས་རྒྱ་ཆེས་ཆེར་ཕྱིན། “དེ་སྔོན་ས་ཆ་གཞན་ལ་འགྲོ་མྱོང་མེད་པར་བརྟེན། རང་ཉིད་ཀྱི་སྦྱངས་འབྲས་ལ་ཡིད་ཚིམས་ནས་སྡོད་ཀྱི་ཡོད། རྒན་ལགས་ཁོང་རྣམ་པ་མཇལ་བས་གཞི་ནས་སློབ་སྦྱོང་བྱེད་དགོས་ཀྱི་འདུག་བསམས་བྱུང”ཞེས་ཁོང་གིས་བརྗོད་བྱུང་།

    ལྡེབས་རིས་ཉམས་གསོའི་ལས་གྲྭ་མཇུག་འགྲིལ་མ་ཐག ལག་ལེན་གྱི་ཉམས་མྱོང་རྩ་ཆེན་མང་པོ་བྱུང་བའི་ཞ་ལུ་དབང་འདུས་ཀྱིས་སླར་ཡང་ཞ་ལུ་དགོན་དུ་ལོག་སྟེ། མུ་མཐུད་རྒན་སྐལ་བཟང་ལགས་ཀྱི་ཞབས་དྲུང་ནས་རི་མོ་འབྲི་སྟངས་དང་རིགས་གཞུང་ལ་ཐོས་བསམ་རྒྱ་ཆེར་མཛད། སྐབས་དེར་ཞ་ལུ་དགོན་དུ་དགེ་འདུན་པ་85ཡོད་པ་ལས། ཞ་ལུ་དབང་འདུས་དཔེ་ཆ་ངག་ཏུ་འཛིན་པ་དང་རི་མོ་འབྲི་བ་སོགས་གཟེངས་སུ་ཐོན་པས། རྒན་སྐལ་བཟང་ལགས་ཀྱིས་ཞ་ལུ་དབང་འདུས་རང་ཉིད་ཀྱི་ཤུལ་འཛིན་པར་གྱུར་ན་སྙམ་ནས། གང་ས་ཅི་ཐད་ནས་ལྟ་རྟོག་བྱེད་པ་མ་ཟད། ཁོམ་པ་ཡོད་རིམ་བཞིན་ཞ་ལུ་དབང་འདུས་རང་གི་དྲུང་དུ་བོས་ནས་དམིགས་བསལ་སློབ་ཁྲིད་ཆུ་ཚོད་གཅིག་ཙམ་གནང་གི་ཡོད་ལ། “ཞ་ལུ་དགོན་པའི་དཔེ་ཆ་འདིར་ཉམས་ལེན་དང་སློབ་སྦྱོང་བྱས་ན། རྗེས་སུ་མི་མགོ་ཐོན་པའི་མི་ཡག་པོ་ཞིག་ཆགས་ཀྱི་རེད”ཅེས་སློབ་གསོ་ཡང་ཡང་སྐྱོན་གྱི་ཡོད།

    ཡིན་ནའང་། ཞ་ལུ་དབང་འདུས་ཞ་ལུ་དགོན་དུ་སྡོད་སྐབས་གྲོང་ཆོག་ཏུ་ཡང་ཡང་འགྲོ་དགོས་པས། རི་མོ་འབྲི་བར་དགའ་བའི་ཞ་ལུ་དབང་འདུས་ལ་རི་མོ་སྦྱོང་བའི་ཁོམ་པས་དབེན།

    དེས་ན། རྒན་ལགས་ཀྱི་ཐུགས་འདུན་དང་རང་ཉིད་ཀྱི་དགའ་ཕྱོགས་དབར་ལ་གདམ་ག་མི་བྱེད་ཀ་མེད་དུ་གྱུར། སྐབས་ཤིག་རིང་གདམ་ག་དེའི་ཆེད་བསམ་བློའི་འཐབ་རྩོད་ཡང་ཡང་བྱས་མཐར་ཆུང་བྱིས་པའི་དུས་ནས་དགའ་ཞིང་དུངས་པའི་རི་མོའི་ལས་དེ་བདམས་ཏེ་དགེ་འདུན་པའི་འཚོ་བར་རྫོགས་ཤད་འཐེན། སྐབས་དེ་དུས་ཁོང་ལོ་19ཡིན་པ་དང་། མ་གཞི་རྒན་སྐལ་བཟང་ལགས་ཐུགས་ཕམ་ཆེན་པོ་བྱུང་ཡང་། མཐའ་མཇུག་ཏུ་ཁོང་གི་གདམ་གར་བརྩི་འཇོག་བྱས།

    རི་མོའི་འབྲི་རྩལ་དང་མདུན་ལམ་སོགས་གང་ཅིའི་ཐད་འཕེལ་རྒྱས་སྔར་ལས་ལྷག་པ་ཡོང་ཆེད། ཞ་ལུ་དབང་འདུས་ཀྱིས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་གཞིས་རྩེར་ཐོན།

    གོ་སྐབས་ནི་རྟག་ཏུ་གྲ་སྒྲིག་ཡོད་པའི་མི་ལ་རག་ཅེས་པ་ལྟར། གཞིས་རྩེར་སླེབས་ནས་ལོ་ཕྱེད་ཙམ་སོང་མཚམས་སུ་ཐང་གའི་སྒྱུ་རྩལ་གྱི་ལམ་དུ་འཚོལ་ཞིབ་བྱེད་བཞིན་ཡོད་པའི་ཞ་ལུ་དབང་འདུས་ཀྱིས་དཀའ་ཆེན་བློ་བཟང་ཕུན་ཚོགས་ཀྱིས་གཙོས་པའི་དགེ་སློབ་ཁ་ཤས་ཤིག་ནང་སར་ལྡེབས་རིས་འབྲི་བར་ཕེབས་རྩིས་ཡོད་པ་ཤེས་པས་མཉམ་དུ་ཁྲིད་རོགས་ཞུས་པར་དཀའ་ཆེན་བློ་བཟང་ཕུན་ཚོགས་ཀྱིས་ཀྱང་དགྱེས་ཚོར་ཆེན་པོས་མོས་མཐུན་གནང་།

    ཁོང་རྣམ་པ་གཞིས་རྩེ་ནས་རྡོག་ཐོན་གནང་སྟེ་ལྷ་ས་ནས་ནང་སར་འགྲོ་རྩིས་གནང་སྐབས། རྒྱུ་རྐྱེན་མང་པོ་ཞིག་གིས་རྐྱེན་པས་འགྲོ་མ་ཐུབ་པར་ལྷ་སར་ལུས།

    ལྷ་སར་སྡོད་རིང་། ཞ་ལུ་དབང་འདུས་ཀྱི་ངོ་ཤེས་ཏེ། ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭའི་རི་མོའི་དགེ་རྒན་བརྒྱུད་ནས། ཞ་ལུ་དབང་འདུས་ལ་སྐབས་དེའི་སློབ་སྤྱི་རྒན་བྱམས་པ་བརྩོན་འགྲུས་ལགས་ངོ་ཤེས་ཤིང་། ཁོང་གི་རེ་བ་ལྟར་ཞ་ལུ་དབང་འདུས་ཀྱིས་སློབ་གྲྭ་དེར་དགེ་རྒན་བྱེད་པའི་ཁས་བླངས།

    ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭའི་སློབ་མ་ཚང་མ་དབང་པོ་སྐྱོན་ཅན་དང་དྭ་ཕྲུག་ཤ་སྟག་ཡིན་པས། ཞ་ལུ་དབང་འདུས་ཀྱིས་བྱམས་སེམས་ཆེན་པོས་སློབ་མ་ཚོར་བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཁྲིད་ཧུར་ཐག་གནང་བར་བརྟེན། སློབ་མ་རྣམས་ཀྱང་མཐོང་གིན་མཐོང་གིན་དུ་ཡར་རྒྱས་ཆེན་པོ་ཕྱིན་པས། ཁོང་ལ་དགའ་སྣང་དང་སྤྲོ་སྣང་དཔག་ཏུ་མེད་པ་བྱུང་།

    དེ་ནས་ལོ་གཉིས་ཙམ་སོང་མཚམས་སུ་རྒན་སྐལ་བཟང་ལགས་ལྷ་སར་སྲིད་གྲོས་ཀྱི་ཚོགས་འདུར་ཕེབས་སྐབས་ཆེད་མངགས་ཞ་ལུ་དབང་འདུས་ལ་ལྟ་བར་ཡོང་། “ངས་སློབ་ཚན་འཁྲིད་བཞིན་པའི་ཕྲུ་གུ་ཚང་མ་དབང་པོ་སྐྱོན་ཅན་དང་དྭ་ཕྲུག་ཡིན་པ་མཐོང་དུས། རྒན་ལགས་ཁོང་ཐུགས་དགྱེས་པོ་ཞེ་གཅིག་བྱུང་སོང་། རང་གྲྭ་པ་མ་བྱས་ཀྱང་ལས་ཀ་འདི་ཡག་པོ་ཞིག་བྱས་འདུག བྱིས་པ་འདི་དག་ལ་རང་གི་ལག་རྩལ་སློབ་ཐུབ་ན། ཕན་པ་ཆེ་བའི་ལས་ཀ་ཞིག་རེད། སྐྱོན་མི་འདུག ཆུད་ཟོས་སུ་ཕྱིན་མི་འདུག་ཅེས་གསུང་གི་འདུག”ཅེས་ཞ་ལུ་དབང་འདུས་ཀྱིས་དགའ་ཚོར་ཆེན་པོས་བརྗོད། རྒན་ལགས་ཀྱིས་ཁོང་གི་ལས་ཀ་འདིར་གདེང་འཇོག་ཡག་པོ་གནང་བར་བརྟེན། ཁོང་གིས་མུ་མཐུད་སློབ་ཁྲིད་ཀྱི་བྱ་བར་འབད་པ་ལྷུར་ལེན་བྱེད་པའི་སེམས་ཤུགས་ཆེས་ཆེར་འཕེལ།

    ཐང་གའི་སྒྱུ་རྩལ་སྔར་བས་མི་ཉམས་གོང་འཕེལ་འགྲོ་ཆེད། 1999ལོར་ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭར་དགེ་རྒན་གྱི་ལས་ཀ་བྱས་ནས་ལོ་6སོང་བའི་ཞ་ལུ་དབང་འདུས་ཀྱིས་སློབ་གྲྭ་དེ་ནས་དགོངས་པ་ཞུས་ཏེ། སྒེར་གྱི་ཐང་གའི་གསོ་སྦྱོང་སློབ་གྲྭ་ཆུང་ཆུང་ཞིག་བཙུགས།

    མི་ལོ་24ཡི་རིང་། ཞ་ལུ་དབང་འདུས་ཀྱིས་ཐོག་མཐའ་བར་གསུམ་དུ་སློབ་མར་བརྩེ་བ་ཟབ་མོས་སློབ་གཉེར་གྱི་མཐུན་རྐྱེན་སྦྱོར་བ་དང་སྣོད་བསྟུན་སློབ་ཁྲིད། ཡང་དག་པའི་རིན་ཐང་ལྟ་བ་སོགས་འཛུགས་རོགས་བྱས་པར་བརྟེན། དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་བའི་དཔེ་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་ཞ་ལུ་དབང་འདུས་དགེ་རྒན་དུ་བསྟེན་པར་ཡོང་མཁན་ཇེ་མང་ཇེ་མང་དུ་ཕྱིན། དེས་ན་སློབ་གྲྭའི་གཞི་ཁྱོན་ཡང་ཆེ་རུ་མི་གཏོང་ཀ་མེད་བྱུང་ཡོད་ལ། ས་ཆ་ཡང་ཐེངས་ཁ་ཤས་ཤིག་མ་སྤོས་རང་སྤོས་བྱུང་ཡོད།

    ད་ཆ་ཁོང་གི་དགེ་ཕྲུག་མང་པོ་ཡང་ཐང་གའི་སྒྱུ་རྩལ་ལས་རིགས་ཀྱི་རྐང་འཛིན་པར་གྱུར་ནས་རང་སོ་སོའི་ཐང་ག་འབྲི་ས་བཙུགས་ཡོད་པ་མ་ཟད། དགེ་ཕྲུག་ཀྱང་མང་པོ་ཞིག་གསོ་སྐྱོང་བྱས་ནས་ཞ་ལུ་དབང་འདུས་ཀྱི་ལག་རྒྱུན་བཟང་པོ་དར་སྤེལ་བཏང་དང་གཏོང་མུས་རེད། དེས་ན་ཐང་གའི་ལས་རིགས་འདིར་མི་མང་པོ་ཞིག་ལས་ཞུགས་ཐུབ་ཡོད།

    སློབ་མ་སྐྱོང་ཞོར་དུ་ཞ་ལུ་དབང་འདུས་ཀྱིས་རང་མི་རིགས་ཀྱི་རིག་གནས་དར་སྤེལ་དང་དེར་ལེགས་སྐྱེས་འབུལ་བའི་བསམ་པ་ཞིག་སྙིང་དབུས་སུ་བཅངས་ནས། མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཐང་གའི་འབྲི་རྩལ་འདི་རྒྱུན་འཛིན་བྱེད་ཞོར་སྲུང་སྐྱོབ་དང་སྲུང་སྐྱོབ་བྱེད་ཀྱིན་འཕེལ་རྒྱས་གཏོང་བཞིན་ཡོད་པས། ཁོང་མི་སྒེར་ལའང་གཡུར་དུ་ཟ་བའི་འབྲས་བཟང་ཐོབ་ཡོད།

    ཁོང་གིས་བྲིས་གནང་བའི་ཐང་ག《པན་ཆེན་སྐུ་ཕྲེང་བཅུ་པ》ལ་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་གསེར་གྱི་བྱ་དགའ་དང་། 《སྟོན་པ》དང《བདེ་མཆོག》ལ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་གསུམ་པའི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་སོགས་ཐོབ་ཡོད་ལ། 《སྒྲོལ་ལྗང》དང་《འཇམ་དབྱངས》གཉིས་ཀྲུང་གོ་མཛེས་རྩལ་ཁང་གིས་ཉར་ཚགས་བྱས་ཡོད། ད་དུང་2014ལོར་ཁོང་ཀྲུང་གོའི་བཟོ་རྩལ་དང་མཛེས་རྩལ་ལས་རིགས་ཀྱི་དཔེ་མཚོན་མི་སྣ་སོགས་ལ་བདམས་འདུག

    ལྷག་དོན། 2012ལོར་རྒྱལ་ཁབ་རིག་གནས་པུའུ་སྒྱུ་རྩལ་སིའི་རྒྱབ་སྐྱོར་འོག བོད་ཀྱི་འོད་སྟོང་རྣམ་པར་འཕྲོ་བའི་ཐང་གའི་རིག་གནས་ལ་འཛམ་གླིང་དུ་དོ་ཁུར་དེ་བས་ཆེ་བ་ཡོང་ཆེད། ཁོང་གིས་ལོ་མང་རིང་ངལ་བ་ཁྱད་བསད་ཀྱིས་དམིགས་སུ་བཀར་ནས་བྲིས་པའི་ཐང་ག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་འགྲེམས་སྟོན་བྱས་པས། སྤྱི་ཚོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་ལ་ལས་རིགས་གཅིག་པའི་ཁྲོད་དུའང་བག་ཆགས་ཟབ་མོ་བཞག་ཡོད། ཁོང་ཡང་བོད་ཀྱི་ཐང་ག་འགྲེམས་སྟོན་བྱེད་མཁན་མི་སྒེར་ཐོག་མར་གྱུར་ཡོད།

    གསར་འགོད་པས་ཀྱང་ཞ་ལུ་དབང་འདུས་ཐང་གའི་སྒྱུ་རྩལ་གླིང་ནས་ཁོང་གི་པིར་རྩལ་ལས་འཁྲུངས་པའི་ཐང་ག་མང་པོ་ཞིག་མཇལ་བྱུང་། ཐང་ག་དེ་དག་ལ་ཐང་ག་གཞན་དང་མི་འདྲ་བའི་བཀོད་པ་དང་ཚོས་གཞི་དམིགས་བསལ་ཅན་འདུག་པས། བལྟས་པ་ཙམ་གྱིས་ཁམས་གཙང་བ་དང་ཡིད་དགའ་བ་སོགས་སྒྱུ་རྩལ་གྱི་བདེ་དགེ་མཛེས་གསུམ་གྱིས་ཕྱུག་པའི་སྣང་བ་ཞིག་འགོག་མེད་དུ་འཆར་བཞིན་འདུག

    དེང་གི་ཆར་རྒྱལ་ཁབ་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས། ཐང་གའི་ལས་རིགས་ལའང་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་ལྟར་གསོན་ཤུགས་ཀྱིས་ཁེངས་བཞིན་ཡོད།

    དེར་བརྟེན། ཕ་མ་མང་པོས་ཞ་ལུ་དབང་འདུས་ལ་རང་ཉིད་ཀྱི་ཕྲུ་གུ་དགེ་ཕྲུག་ཏུ་ཉར་རོགས་ཞེས་ཨུ་ཚུགས་རྒྱག་གི་ཡོད་མོད། འོན་ཀྱང་ཁོང་གིས་རང་དགར་ཉར་གྱི་མེད་དེ། སྔོན་ལ་ཕྲུ་གུ་དེས་རི་མོར་དགའ་ཞེན་ཡོད་མེད་ལྟ་གི་ཡོད་ཅིང་། གལ་ཏེ་ཕྲུ་གུས་རི་མོར་དགའ་པོ་བྱེད་པ་དང་སྦྲགས། རྗེས་སུ་རི་མོའི་ཐད་ནུས་པ་ཐོན་པ་འདུག་སྙམ་ན་གཞི་ནས་དགེ་ཕྲུག་ལ་ཉར་གྱི་ཡོད། “དེང་སང་སྤྱི་ཚོགས་སུ་ག་རེ་ཡིན་ནའང་སྦྱོང་རྒྱུ་ཡོད། ཕྲུ་གུས་དགའ་པོ་མེད་བཞིན་དུ་ཨུ་ཚུགས་བརྒྱབ་ནས་སྦྱོང་དུ་བཅུག་པ་ཡིན་ན། ཕ་མ་དང་དགེ་རྒན་གཉིས་དྲིན་ཆུང་བར་འགྱུར་གྱི་རེད”ཅེས་ཞ་ལུ་དབང་འདུས་ཀྱིས་ཤོད་ཀྱི་འདུག

    དེང་སྐབས་ཞ་ལུ་དབང་འདུས་ཀྱིས་ཞ་ལུ་དབང་འདུས་ཐང་གའི་སྒྱུ་རྩལ་གླིང་གི་འགོ་འཛིན་གྱི་འགན་འཁུར་བཞིན་པའི་ཁར། ཀྲུང་གོ་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོ་ཞིབ་བྲིས་རིག་གཞུང་ལྷན་ཚོགས་ཀྱི་ལས་འཛིན་པ། བོད་ལྗོངས་བཟོ་བཀོད་མཛེས་རྩལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། བོད་རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་པ་སོགས་ཀྱི་འགན་འཁུར་བཞིན་མཆིས་ལ། མི་རིང་བར་ཞ་ལུ་དབང་འདུས་ཐང་གའི་སྒྱུ་རྩལ་གླིང་གི་དགེ་སློབ་ཡོངས་ཀྱི་ཐང་གའི་འགྲེམས་སྟོན་ཞིག་གཉེར་རྩིས་བྱེད་ཀྱི་ཡོད་ཅིང་། འདི་ནི་ཁོང་རྣམ་པས་ལོ་ངོ་བཅུ་ཙམ་དཀའ་བ་དང་དུ་བླངས་པའི་འབྲས་རྟགས་ཤིག་ཡིན་པ་དང་། མིག་སྔར་ཐང་ག་བརྒྱད་ཅུ་ལྷག་ཙམ་བྲིས་ཟིན་ཡོད་པ་དང་ཐང་ག་བརྒྱ་ལོན་རྗེས་འགྲེམས་སྟོན་གཉེར་རྩིས་འདུག་པས། སྐབས་དེར་འགྲེམས་སྟོན་དེ་ཐང་གའི་སྒྱུ་རྩལ་ལ་དགའ་བའི་མི་རྣམས་ཀྱི་མིག་ཡིད་རྣ་བའི་དགའ་སྟོན་དུ་འགྱུར་ངེས་ཡིན་པ་གསར་འགོད་པར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།