《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་དྲི་བ་དྲིས་ལན། (20)
ལན། ཏང་གི་སྒྲིག་ཡིག་ནི་ཏང་གི་རྩ་བའི་བཅའ་ཁྲིམས་ཆེ་མོ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པར་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དུས་བབ་གསར་པ་དང་ལས་འགན་གསར་པར་འཚམ་པ་དང་། དེ་ལས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། ཏང་འཛུགས་སྐྱོང་བཅས་ལ་ཐོབ་པའི་གྲུབ་འབྲས་གསར་པ་གང་ལེགས་མངོན་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གཏན་ལ་འཁེལ་བའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གང་ལེགས་མངོན་ལ། ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་ཐད་བླང་བྱ་གསར་པ་བཏོན་ཏེ། སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་ཀྱི་རྨང་གཞིའི་ཐོག་ཏང་གི་སྒྲིག་ཡིག་ལ་སླར་ཡང་དུས་བསྟུན་འཕེལ་རྒྱས་ཐེངས་ཤིག་བྱུང་ཡོད། ཏང་གི་སྒྲིག་ཡིག་སློབ་སྦྱོང་ལག་བསྟར་བྱེད་པ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་པ་དང་། ཏང་གི་སྒྲིག་ཡིག་ནང་བཟོ་བཅོས་བརྒྱབ་པའི་ཚན་རིག་དང་མཐུན་པའི་ནང་དོན་དང་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཏང་ཡོངས་སུ་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཏེ་ཏང་གི་སྒྲིག་ཡིག་ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་གི་ཁྱབ་ཁོངས་ཁག་དང་། ཕྱོཌ་ཁག ལྷུ་ཚིགས་ཁག་བཅས་སུ་དོན་འཁྱོལ་ཏན་ཏིག་བྱེད་དགོས།
དང་པོ། ཏང་གི་སྒྲིག་ཡིག་སློབ་སྦྱོང་ནན་ཏན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་སྒྲིག་ཡིག་སློབ་སྦྱོང་ནན་ཏན་དང་ཏང་གི་སྒྲིག་ཡིག་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་ནི་ཏང་ཡོན་གྱིས་སྒྲུབ་དགོས་ངེས་ཀྱི་འོས་འགན་ཞིག་རེད”ཅེས་གསུངས་ཡོད་པ་དང་། “ཏང་གི་སྒྲིག་ཡིག་ནི་ཏང་ཡོན་ཡོངས་ཀྱིས་སྦྱོང་དགོས་ངེས་ཀྱི་སློབ་ཚན་ཞིག་ཡིན་པས། སློབ་ཚན་འདི་རྒྱུན་དུ་སྦྱོང་དགོས”ཞེས་ནན་བཤད་གནང་ཡོད། ཏང་གི་སྒྲིག་ཡིག་ནང་ཏང་གི་ངོ་བོ་དང་དམིགས་ཡུལ། མཛུབ་ཁྲིད་བསམ་བློ། འབད་འཐབ་ཀྱི་རྩ་འཛིན། མཛད་ཕྱོགས་སྲིད་ཇུས་གལ་ཆེན། ཏང་ཡོན་གྱི་འོས་འགན་དང་ཁེ་དབང་། ཏང་གི་ལམ་ལུགས། རིམ་ཁག་ཏང་རྩ་འཛུགས་ཀྱི་བྱ་སྤྱོད་ཚད་གཞི། ཏང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་གཞི་རྩའི་ཆ་རྐྱེན། ཏང་གི་སྒྲིག་ཁྲིམས་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བྱས་ཡོད་པས། ནང་དོན་དེ་དག་ཁྱོན་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་དགོས། ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་སྐབས་ཇི་མ་ཇི་བཞིན་སློབ་སྦྱོང་དང་། ཡང་སྐོར་བསྐྱར་སྐོར་སློབ་སྦྱོང་བྱས་ནས་དེའི་དོན་སྙིང་རྟོགས་དགོས་པ་མ་ཟད། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་དང་བསམ་བློ་ཞིབ་ཚགས་བཏང་ནས་སློབ་སྦྱོང་གིས་དེའི་གནས་ལུགས་རྟོགས་དགོས། དེ་ལྟར་སློབ་སྦྱོང་བྱས་པ་བརྒྱུད་ནས་ཏང་གི་སྒྲིག་ཡིག་གི་གོ་དོན་མཐིལ་རྟོགས་བྱེད་དགོས་ཤིང་། བསླབས་ནས་ཤེས་པ་དང་། བསླབས་ནས་ཡིད་ཆེས། བསླབས་ནས་སྤྱོད་པ་བཅས་ཐུབ་དགོས། ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ་རྒྱུན་གཏན་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱེད་དགོས་ཤིང་། ཕྱོགས་གཅིག་ནས་ཏང་ཡོན་གྱི་རང་རྟོགས་ངང་སློབ་སྦྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་ཏང་རྩ་འཛུགས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གྱིས་ཏང་གི་སྒྲིག་ཡིག་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས། ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ་རིམ་ཁག་ཏང་གི་སློབ་གྲྭ་དང་ལས་བྱེད་པའི་སློབ་གྲྭས་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གསོ་སྦྱོང་བྱེད་རིང་མེད་དུ་མི་རུང་བའི་སློབ་ཚན་ཞིག་ཏུ་བརྩི་དགོས།
གཉིས་པ། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ནན་པོ་ཞུ་དགོས། རང་རེའི་ཏང་གི་ལམ་ལུགས་ནི་ཏང་གི་སྒྲིག་ཡིག་ནས་འགོ་བརྩམས་པ་ཡིན་པས། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པར་ཐོག་མར་ཏང་གི་སྒྲིག་ཡིག་ལ་གཞིགས་ནས་ཏང་བཅོས་སྐྱོང་བྱེད་དགོས། ཏང་གི་སྒྲིག་ཡིག་ནི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གི་ཉིང་བཅུད་ཡིན་པའི་ངོས་ནས་ཏང་ཡོངས་སུ་ཐུན་མོང་གི་བྱ་སྤྱོད་ཚད་གཞི་གཏན་འཁེལ་བྱས་ཡོད་ལ། ཏང་ཡོངས་ཀྱི་ཆེས་གཞི་རྩ་དང་། ཆེས་གལ་ཆེན། ཆེས་ཆ་ཚང་བ་བཅས་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་ཡང་རེད། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་རྒྱུ་ནི་གུང་ཁྲན་ཏང་ཡོན་ཚད་ལོན་ཞིག་ཏུ་འགྱུར་བའི་གཞི་རྩའི་ཆ་རྐྱེན་ཡིན་ལ། གུང་ཁྲན་ཏང་ཡོན་མི་རེ་ངོ་རེས་ཏང་རྩ་འཛུགས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཡང་རེད། ཏང་གི་སྒྲིག་ཡིག་གི་དོན་ཚན་དྲུག་པར་གཏན་འབེབས་བྱས་པའི་ཏང་ཞུགས་དམ་བཅའི་ནང“ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་དགོས་པ”ཚུད་ཡོད། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ནན་པོ་ཞུ་ཐུབ་མིན་ནི་གུང་ཁྲན་ཏང་ཡོན་གྱི་ཏང་གི་འདུ་ཤེས་བརྟན་མིན་དང་ཏང་གཤིས་ཀྱི་འདུ་ཤེས་བརྟན་མིན་བརྟག་པའི་ཚད་གཞི་གལ་ཆེན་ཞིག་རེད། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་། རྒྱལ་སྐྱོང་སྲིད་སྐྱོང་། ཏང་གི་འབད་འཐབ་དམིགས་ཚད་དང་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཏང་གི་སྒྲིག་ཡིག་གི་འགངས་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་ཤིང་། སེམས་གཏིང་ནས་ཏང་གི་སྒྲིག་ཡིག་ལ་དད་གུས་བྱེད་པ་དང་། ཏང་གི་སྒྲིག་ཡིག་གི་འདུ་ཤེས་བརྟན་པོ་འཛུགས་པ། རྟག་ཏུ་ཏང་གི་སྒྲིག་ཡིག་བསྐྱར་དྲན་བཅས་བྱས་ཏེ། ཏང་གི་སྒྲིག་ཡིག་་བརྩི་སྲུང་གི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་དང་དམངས་གཙོའི་འཚོ་བའི་ཚོགས་འདུའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས། རང་རྟོགས་ངང་ཏང་གི་སྒྲིག་ཡིག་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློ་གཅིག་གྱུར་དང་གཏམ་སྤྱོད་ཚད་ལྡན་དུ་བཏང་སྟེ། ཏང་གི་སྒྲིག་ཡིག་ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།
གསུམ་པ། ཏང་གི་སྒྲིག་ཡིག་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཏང་གི་སྒྲིག་ཡིག་ནི་ཏང་འཛུགས་པ་དང་། ཏང་སྐྱོང་བ། ཏང་ལ་དོ་དམ་བཅས་ཀྱི་སྤྱིའི་སྒྲིག་ཡིག་ཡིན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱིའི་གཞི་འཛིན་ས་དང་སྤྱིའི་བརྩི་སྲུང་ཞུ་ཡུལ་ཡིན་པས། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་གཞི་རྩའི་མཛུབ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་ལག་ལེན་མཐར་ཕྱིན་བསྟར་བའི་ཆུ་ཚད་ཀྱིས་ཏང་ཡོན་དཔུང་ཁག་གི་ཏང་གཤིས་བློ་སྦྱོང་གི་ཆུ་ཚད་གཏན་འཁེལ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་འཐབ་ནུས་ཀྱི་ཆུ་ཚད་གཏན་འཁེལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆུ་ཚད་གཏན་འཁེལ་བཅས་བྱེད་ཀྱི་ཡོད། ཏང་གི་སྒྲིག་ཡིག་གི་དགོངས་དོན་གྱི་ངོ་བོ་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། ལས་གནས་ཀྱི་འགན་འཁྲི་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་གི་སྒྲིག་ཡིག་ལག་ལེན་མཐར་ཕྱིན་བསྟར་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བར་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱེད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱི་མཚོན་ཚུལ་ལ་བརྡར་ཤ་གཅོད་པར་ཏང་གི་སྒྲིག་ཡིག་གཞི་རྩའི་ཚད་གཞིར་འཛིན་དགོས་ཤིང་། ཏང་ནང་ཁུལ་གྱི་འགལ་བ་ཐག་གཅོད་བྱེད་པར་ཡང་ཏང་གི་སྒྲིག་ཡིག་རྩ་བའི་སྒྲིག་སྲོལ་དུ་བརྩི་དགོས། ཏང་གི་སྒྲིག་ཡིག་ཏང་གཤིས་བློ་སྦྱོང་གཏིང་ཟབ་ཏུ་གཏོང་བའི་རྩ་བའི་ཚད་གཞིར་འཛིན་པ་དང་། ཏང་གི་ལས་དོན་དང་། ཏང་ནང་ཁུལ་གྱི་བྱེད་སྒོ། ཏང་འཛུགས་སྐྱོང་བཅས་ལ་ཁྲིད་སྟོན་བྱེད་པའི་རྩ་བའི་གཞི་འཛིན་སར་བརྩིས་ནས། ཏང་གི་སྒྲིག་ཡིག་གི་གཏན་འབེབས་ཁག་བྱ་སྤྱོད་དང་བྱ་གཞག་ཁག་ནང་དོན་འཁྱོལ་བྱེད་དགོས།
བཞི་པ། ཏང་གི་སྒྲིག་ཡིག་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཡིག་གི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས་ཏང་གི་སྒྲིག་ཡིག་གི་བློ་བརྟན་འགྱུར་མེད་ཀྱི་ལག་བསྟར་བ་དང་ལྷག་བསམ་རྣམ་དག་གི་སྲུང་སྐྱོང་བ་ཞིག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད། ཏང་གི་སྒྲིག་ཡིག་ནི་ཏང་ཡོན་ཡོངས་ཀྱི་ཐུན་མོང་གི་འདོད་བློའི་གཅིག་སྡུད་མཚོན་ཚུལ་ཞིག་དང་། ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་དང་གོམ་སྟབས་གཅིག་མཚུངས་ཀྱིས་མདུན་སྐྱོད་བྱེད་པའི་རྨང་གཞི་ཡིན་པས་དབང་གྲགས་ཆེ་ཤོས་དང་གཅུན་འདོམས་ཀྱི་ནུས་པ་ཆེ་ཤོས་ལྡན་ཡོད། ཏང་གི་སྒྲིག་ཡིག་གི་དབང་གྲགས་སྲུང་སྐྱོང་བྱེད་པ་ནི་ཏང་ཡོན་ཡོངས་ཀྱི་ཐུན་མོང་གི་འདོད་བློ་སྲུང་སྐྱོང་དང་ཏང་གི་དབང་གྲགས་སྲུང་སྐྱོང་བྱེད་པ་ཡིན། རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲིའི་འདུ་ཤེས་དང་འགན་འཁུར་ཕོད་པའི་སྙིང་སྟོབས་ཆེ་རུ་བཏང་ནས་ཏང་གི་སྒྲིག་ཡིག་སྲུང་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་སྲུང་སྐྱོང་བྱེད་པ་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་ལྟ་སྐུལ་སྒྲིག་སྐྱོང་དང་འགན་འཁྲི་བདའ་འདེད་ནུས་ལྡན་གྱིས་ཏང་གི་སྒྲིག་ཡིག་གི་ལ་རྒྱ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཏང་གི་སྒྲིག་ཡིག་གི་དོན་ཚན་ཞེ་དྲུག་པར་ཏང་གི་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་འགན་གཙོ་བོ་གཏན་འབེབས་བྱས་ཡོད་ཅིང་། དེའི་ནང་གི་ཨང་དང་པོ་ནི“ཏང་གི་སྒྲིག་ཡིག་སྲུང་སྐྱོང་བྱེད་པ”དེ་རེད། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་བ་དང་ཏང་གི་སྒྲིག་ཡིག་ལག་ལེན་མཐར་ཕྱིན་བསྟར་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་སྒྲིག་ཡིག་གི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ནས། ཏང་གི་སྒྲིག་ཡིག་གི་འདུ་ཤེས་བརྟན་པོ་མེད་པ་དང་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར་བྱ་བ་མི་སྒྲུབ་པའི་རིགས་ལ་དུས་ཐོག་ཏུ་དྲན་སྐུལ་བྱེད་པ་དང་། ཏང་གི་སྒྲིག་ཡིག་གི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ཏང་གི་སྒྲིག་ཡིག་སྲུང་སྐྱོང་ཡག་པོ་མ་བྱས་པའི་རིགས་ལ་འགན་འཁྲི་རྩད་གཅོད་བཅས་བྱས་ནས། ཏང་གི་སྒྲིག་ཡིག་གི་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
མདོར་ན། ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་ནི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་ཀ་ཞིག་ཡིན་ལ། ཏང་ཡོངས་ཀྱི་བློ་མཐུན་གྱིས་སྒྲུབ་དགོས་པའི་འོས་འགན་དང་གཟི་བརྗིད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན། ཐེངས་འདིའི་་ཏང་གི་སྒྲིག་ཡིག་བཟོ་བཅོས་གོ་སྐབས་སུ་བྱས་ནས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་བསྟར་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་བ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་སྒྲིག་ཡིག་གི་བླང་བྱ་ལྟར་ཧུར་ཐག་འབད་ཐག་གིས་འགན་འཁྲི་སྒྲུབ་པ་དང་ཚུལ་ལྡན་ལུགས་མཐུན་ངང་ལས་དོན་བསྒྲུབ་རྒྱུར་སྐུལ་འདེད་བཅས་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས“འགག་རྩའི་ཉུང་ཤས”ཡིན་པའི་ངོས་ནས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་དཔེ་བཟང་གི་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས།