དབུ་ཤོག>ཆེད་སྒྲིག
  • སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རིང་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-24

    ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས། བློ་སྟོབས་གཅིག་སྒྲིལ་བྱེད་རིང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ཚོར་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་དང་། བློ་སྟོབས། བྱ་སྤྱོད་བཅས་གཅིག་གྱུར་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བརྟག་དཔྱད་ཞིབ་འཇུག་བྱེད་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པ་བྱས་ཡོད།

    རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས། ཐབས་མང་མཉམ་སྤྱོད་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་དམ་འཛིན་ཡག་པོ་དང་། བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ། ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ཡོད། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དུས་ཐོག་དང་རྗེས་སྙེག་སློབ་སྦྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི“གྲོས་གཞི་ཨང་དང་པོར”བརྩིས་ནས། སློབ་སྦྱོང་གི་ནང་དོན་དུས་བཀག་ལྟར་གསེད་བཀྲོལ་དང་སྟབས་བསྟུན་ལེགས་སྒྲིག་བྱས་ཏེ་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་སྤྱི་འདོམས་བྱས་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཆེད་དོན་ཟུར་ཁྲིད་ཀྱི་གསུང་བཤད་གནང་ནས། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་གང་ཞིག་སློབ་སྦྱོང་བྱེད་དགོས་པ་དང་སློབ་སྦྱོང་ཇི་ལྟར་བྱེད་དགོས་པའི་ཐད་བྱེད་ཐབས་དང་། བསམ་ཕྱོགས། ཐབས་ལམ་བཅས་སློབ་ཁྲིད་བྱས་པ་དང་། ཚན་པའི་ཁོངས་མིས་སློབ་སྦྱོང་གི་མྱོང་ཚོར་དང་ལས་བགོས་འགན་གཉེར་ལས་དོན་དང་ཟུང་འབྲེལ་གྱིས་བགྲོ་གླེང་གཏིང་ཟབ་བྱས་ཏེ་ཏང་ཡོན་ལས་བྱེད་པ་ཡོངས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་མཉམ་འདྲེས་མཐིལ་རྟོགས་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་གཙོ་གནད་དུ་བྱས་ནས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པས་དུས་ཡུན་ཉིན་6རིང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། གཅིག་སྡུད་སློབ་སྦྱོང་དང་། མི་སྒེར་གྱི་རང་སྦྱོང་། ཆེད་དོན་ཟུར་ཁྲིད། སྤེལ་རེས་བགྲོ་གླེང་སོགས་ཀྱི་བྱ་ཐབས་སྤྱད་དེ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་གཅེས་བཏུས》དང《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་སྒྲིག་ཀློག་དེབ》སོགས་ཀྱི་དཀར་ཆག་ཞིབ་ཀློག་ནན་ཏན་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ། སྒྲིག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་དང་བརྟག་ཞིབ་ཐག་གཅོད་ལ་ལྟ་སྐུལ་བྱེད་པའི་ལས་སྒོ་སྣ་ཚོགས་ཀྱི་ཤེས་བྱ་གཙོ་གནད་ཐོག་སློབ་སྦྱོང་བྱས་ནས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རིང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། གོ་རྟོགས་སད་ཚད་མཐོ་རུ་གཏོང་བ། ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཡོད།

    སློབ་སྦྱོང་གི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་སྒྲིག》200ལྷག་ཙམ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱའི་ལག་དེབ་900ལྷག་ཙམ་རྩོམ་སྒྲིག་པར་འདེབས་བྱས་ནས་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་བྱེད་རྒྱུའི་ལྕག་སྐུལ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་དྲངས་ནས་སྲིད་གཙང་སློབ་གསོའི་སྙན་ཞུ་བྱས་པ། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་2གདན་དྲངས་ནས་སྔོན་ཐོན་བྱས་རྗེས་སྙན་ཞུ་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་དང་ལྗོངས་ཕྱིའི་སྒྲིག་བཤེར་ལྟ་ཞིབ་གསོ་སྦྱོང་ལྟེ་གནས་ལ་བརྟེན་ནས་དུས་ཐེངས་གསུམ་ལ་དབྱེ་སྟེ་དུས་ཡུན་ཉིན་22རིང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བར་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་840ལྷག་ཙམ་ཟིན་ནས་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་བྱེད་པ་ཚང་མར་གཞི་རྩའི་ཆ་ནས་ཁྱབ་ཡོད།

    སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཁག་གིས་མཉམ་སྡེབ་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་ལས་བྱེད་པས་དམིགས་སའི་རང་བཞིན་ལྡན་པའི་ངང་རང་སྦྱོང་འཆར་གཞི་བཟོ་རྒྱུར་སྐུལ་འདེད་བཏང་ནས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ལ་བརྟེན་ཏེ་རིགས་པའི་གཞུང་ལུགས་ཀྱི་ལས་སྒོའི་ཤེས་བྱའི་སློབ་སྦྱོང་རྒྱུན་རྣམ་ཅན་གྱི་སྒོ་ནས་བྱེད་པ་དང་། གསར་བརྗེའི་ཐོན་ཁུངས་དང་སྲིད་གཙང་ཐོན་ཁུངས་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་སློབ་ཁང་གཉིས་པར་བརྩིས་ནས། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཉེན་ཟོན་སློབ་གསོའི་གློག་བརྙན་ལྟ་བ་དང་། སྲིད་གཙང་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པ། སྒྲིག་འགལ་ཁྲིམས་འགལ་གྱི་ཏང་ཡོན་ལས་བྱེད་པའི་འགྱོད་བཤགས་ཟིན་ཐོ་ཀློག་པ་བཅས་བྱས་ཏེ་སྒྲིག་བཀུར་ཁྲིམས་སྲུང་དང་སྤྱོད་གཙང་རུལ་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ། ས་གནས་ས་ཐོག་ཏུ་ཞིབ་འཇུག་སློབ་སྦྱོང་དང་། ལྟ་སྐོར་སློབ་སྦྱོང་། སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། བོད་ལྗོངས་རྟེན་མཛོད་ཁང་དང་བོད་ལྗོངས་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་གནས་རྙིང་སོགས་སུ་བསྐྱོད་དེ། གསར་བརྗེའི་ལོ་རྒྱུས་མྱོང་ཚོར་དང་དུས་རབས་ཀྱི་འཕོ་འགྱུར་ཆེན་པོ་ཉམས་ལེན་བྱས་ནས་ཏང་ཡོན་ལས་བྱེད་པས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། ཐོག་མའི་བསམ་འདུན་དང་ལས་འགན་ལ་སྐུལ་འདེད་བཅས་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།