ཚེས་18ཉིན། ལྷ་ས་གྲོང་ཁྱེར་རྒྱལ་ཁོངས་བར་མཐོངས་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་གྱི་གཞུང་དོན་ཚོགས་འདུ་འཚོགས་ནས། རྒྱལ་ཁོངས་བར་མཐོངས་འཆར་འགོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚུགས་གནས་མཐོར་གཏོང་དང་། བསམ་བློ་གཅིག་གྱུར། སྒྲིག་སྲོལ་དམ་ནན་བཅས་བྱས་ནས། ལྷ་སའི་རྒྱལ་ཁོངས་བར་མཐོངས་འཆར་འགོད་ལག་བསྟར་དོ་དམ་གྱི་ལས་དོན་ཁག་ལ་དེ་བས་ཚན་རིག་དང་མཐུན་པ་དང་། ཚད་དང་ལྡན་པ། ནུས་པ་ཆེ་བ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཕུར་བུ་དོན་གྲུབ་ཀྱིས་གཙོ་སྐྱོང་གནང་བ་དང་ཝེ་ཤིའུ་ཀྲང་ཚོགས་འདུར་ཞུགས་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ལྷ་ས་ནི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་པས་གནས་བབ་གལ་ཆེ་ལ་དོ་ཁུར་བྱེད་ཚད་མཐོ་པོ་ཡོད། གཅིག་གྱུར་འཆར་འགོད་དང་གཅིག་གྱུར་དོ་དམ་མཐའ་འཁྱོངས་ཀྱིས“བསམ་ཇུས་གཅིག་གི་བསམ་བློ”བརྟན་པོར་འཛུགས་པ་དང་། ཁྱོན་ཡོངས་དང་སྤྱི་ཡོངས་ནས་འགོ་བཙུགས་ཏེ་གནད་དོན་ལ་ལྟ་བ་དང་། ཇུས་ཐག་གཅོད་པ། དོན་འཁྱོལ་ལ་དམ་འཛིན་བཅས་མཁས་པོ་བྱེད་དགོས་པ་ལས། ཆ་ཤས་ཀྱི་ཁེ་ཕན་ཆེད་དུ་སྤྱི་ཡོངས་ཀྱི་ཁེ་ཕན་ལ་གནོད་སྐྱོན་གཏོང་མི་རུང་བ་དང་། གནས་སྐབས་ཀྱི་ཁེ་ཕན་ཆེད་དུ་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་གཏོང་མི་རུང་། “པར་རིས་གཅིག”གི་དོ་དམ་ཚོད་འཛིན་དོན་འཁྱོལ་ནན་པོ་བྱེད་པ་དང་རྒྱལ་ཁོངས་བར་མཐོངས་ཀྱི་འཆར་འགོད་གཞི་འཛིན་སར་བྱས་ཏེ། ཡུན་རིང་གི་གཞི་རྩའི་ཞིང་ཁ་སྲུང་སྐྱོང་གི་དམར་ཐིག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་ས་མཚམས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བཅས་ནན་པོར་བསྲུངས་ནས་ཆུ་ཁོངས་སྲུང་སྐྱོང་གི་ཐིག་ཚད་དང་། སྔོ་ལྗང་མ་ལག་གི་ཐིག་ཚད། ལོ་རྒྱུས་རིག་གནས་སྲུང་སྐྱོང་གི་ཐིག་ཚད་བཅས་སྔ་སྣུར་དུ་གཏན་འཁེལ་བྱེད་དགོས། “གཞི་གཅིག་ཅན”གྱི་དོ་དམ་ནན་པོ་བྱེད་པར་ངེས་པར་དུ་ཚད་མཐོའི་གཅིག་གྱུར་འཆར་འགོད་དང་། ཚད་མཐོའི་སྐུལ་སྤེལ། འགོ་ཁྲིད་ལ་ཤུགས་སྣོན་བཅས་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་གྱི་འཆར་འགོད་དང་འབྲེལ་བ་ཡོད་པའི་དོན་གནད་གལ་ཆེན་ཡིན་ཕྱིན་ཞིབ་འཇུག་དང་ཞིབ་བཤེར་གཏན་འབེབས་བྱས་རྗེས་གཞི་ནས་ལག་བསྟར་བྱེད་དགོས།
ཡན་ཅིན་ཧའེ་ཡིས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་ལྷ་ས་ནི་ཧ་ཅང་རྩ་ཆེ་བའི་ཤུལ་བཞག་ཅིག་ཡིན་པས། བཤིག་སྤོ་ཆེན་པོ་དང་འཛུགས་སྐྲུན་ཆེན་པོ་དང་། ཤུལ་བཞག་རྙིང་པ་རྩ་གཏོར་ཆེན་པོ་དང་སྐྲུན་དངོས་གསར་པ་འཛུགས་སྐྲུན་ཆེན་པོ་བཅས་གཏན་ནས་བྱེད་མི་རུང་བའི་བླང་བྱ་བཏོན་པ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་མི་དམངས་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་གི་ཡོད། དམངས་ཕན་དམངས་བདེ་མཐའ་འཁྱོངས་ཀྱིས་གྲོང་ཁུལ་རྙིང་པའི་སྒྱུར་བཀོད་སོགས་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། མ་དངུལ་དག་འགག་རྩར་སྤྱོད་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གལ་འགངས་ཆེ་སར་སྤྱོད་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ། འཆར་གཞི་མཐའ་འཁྱོལ་འགོད་པ། གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ་བཅས་བྱས་ནས“མཛེས་སྡུག་དང་། དེང་རབས། སྡོད་མལ་ལ་འཚམ་པ། བདེ་སྐྱིད་ལྡན་པ”བཅས་ཀྱི་ལྷ་ས་འཛུགས་སྐྲུན་བྱེད་དགོས།