དབུ་ཤོག>ཆེད་སྒྲིག
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-17

    ● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བར་བྱེད་དགོས།

    ཚེས་15ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་ཏེ། རང་ལྗོངས་ཀྱི་སྐོར་གཟིགས་དག་ཐེར་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། “འདུ་ཤེས་གསུམ”གྱི་སློབ་གསོ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བ་དེ་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་དང་། སྒྱུར་བཅོས་གསར་གཏོད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པས། རང་ལྗོངས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་བསམ་བློར་སྔར་བས་བཅིངས་འགྲོལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ལམ་བུ་གསར་པ་གཏོད་པ་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ལ་སྐུལ་འདེད་གཏོང་རིང་ལེགས་ཆ་གསར་པ་སྐྱེད་སྲིང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ཚད་བརྒལ་གསར་པ་ཡོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་རིང་བྱས་རྗེས་གསར་པ་འཇོག་པ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ལྗོངས་ཡོངས་ཀྱི་སྐོར་གཟིགས་དང་སྐོར་བཤེར་ལས་དོན་ཏན་ཏིག་དང་ཡག་པོ་བསྒྲུབས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྐོར་གཟིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་མངོན་གསལ་དོད་དུ་བཏང་ནས་གཙོ་གནད་མི་སྣ་དང་། གཙོ་གནད་ལས་དོན། གཙོ་གནད་གནད་དོན། གཙོ་གནད་ཁྱབ་ཁོངས་བཅས་ལ་དམ་པོར་དམིགས་ཏེ། སྐོར་གཟིགས་ཕྱོགས་ཡོངས་ལ་ཁྱབ་པར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས། རིམ་པ་རེ་རེ་བཞིན་གྱིས་འགན་འཁྲི་ཏན་ཏིག་ཁུར་ནས། དག་ཐེར་ལས་དོན་རྒྱུན་གཏན་གྱི་ལས་དོན་དང་དངོས་སུ་མཉམ་འདྲེས་བྱས་ཏེ་སྐོར་གཟིགས་དག་ཐེར་ལ་བརྟེན་ནས་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པ་སྤེལ་བར་སྐུལ་འདེད་གཏོང་དགོས། སྐོར་གཟིགས་ཚུར་ལན་གྱི་གནད་དོན་ལ་དམིགས་ཏེ་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་ཞིབ་བཤེར་བྱས་ནས་འགན་འཁྲི་དོན་འཁྱོལ་མ་བྱས་ན་ཐར་པར་མི་གཏོང་བ་དང་། གནད་དོན་ཐག་གཅོད་མ་བྱས་ན་ཐར་པར་མི་གཏོང་བ། དག་ཐེར་གནད་འཁེལ་མ་བྱས་ན་ཐར་པར་མི་གཏོང་བ་བཅས་ཏན་ཏིག་བྱས་ཏེ་སྐོར་གཟིགས་དག་ཐེར་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག 《〈འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་བའི་གཏན་འབེབས〉སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཝང་ཅུན་ཀྲེང་གིས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་ལ་བློ་དཀར་སེམས་དཀར་དང་། ཕྱི་གསལ་ནང་གསལ། སྐད་ཆ་དྲང་པོ་ཤོད་པ། བྱ་བ་དངོས་སྒྲུབ་པ། མི་དྲང་པོ་བྱེད་པ་བཅས་བྱས་ནས། མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་བ་དང་རྩ་འཛུགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་རྩ་བའི་དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། ཁོར་ཡུག་ནན་པོ་བཅས་ལ་བརྟེན་ནས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྙན་ཞུའི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཟུར་བཤེར་ཞིབ་བསྡུར་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རིང་སྙན་ཞུའི་ལམ་ལུགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་གོ་གནས་སྤོར་འབེབས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཞིབ་སྲོལ》ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་ཚད་གཞི་མཐའ་འཁྱོངས་བྱེད་པ། མིར་རྒྱུས་མངའ་ལོན་པ་དང་མི་སྤྱོད་མ་ལག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་ནན་པོ་དང་དགའ་གཅེས་ཟུང་འབྲེལ་དང་། ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པ”ཡག་པོ་སྤྱོད་པ། ལེགས་པར་བྱ་དགའ་དང་ཞན་པར་ཆད་གཅོད། བྱ་དགའ་དང་ཆད་གཅོད་དབྱེ་མཚམས་གསལ་པོ་འབྱེད་པ། འཇོན་པ་ཡར་བསྐོས་དང་། ལེགས་པར་གཟེངས་བསྟོད། མི་འཇོན་མར་ཕབ། ཐ་ཞན་མར་འབུད་བཅས་ཀྱི་མི་སྤྱོད་སྟོན་ཕྱོགས་ལ་སྐུལ་འདེད་བཏང་སྟེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་དང་། ལྷག་བསམ་རྣམ་དག སྤྱོད་གཙང་། འགན་འཁྲི་འཁུར་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུར་རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བའི་འབྲེལ་ཡོད་ཇུས་གཞིར་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད། ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་། ཆོས་ལུགས་སྡེ་ཚན། དགོན་སྡེ་དོ་དམ་ཨུ་ལྷན་བཅས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དེ“འདུ་ཤེས་གསུམ”གྱི་སློབ་གསོར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དང་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། “རྒྱུན་གཏན”དང“ཕུགས”ལ་མུ་མཐུད་ཤུགས་རྒྱག་པ། ཚད་གཞི་མཐོ་ལ་སྤུས་ཚད་མཐོན་པོས“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་བ་བཅས་བྱེད་དགོས། ལས་དོན་གྱི་བསམ་ཕྱོགས་ཡངས་སུ་གཏོང་བ་དང་བྱེད་སྟངས་གསར་གཏོད་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་གོ་ཐུབ་པ་དང་། ལྟ་འདོད་ལ་ཉན་སྤྲོ་བ། ཞུགས་བདེ་བ་བཅས་ཀྱི་རྣམ་པར་བརྟེན་ནས་སྒྲོག་འགྲེལ་གྱི་གསོན་ཉམས་རང་བཞིན་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་དགོས། དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་ཡག་པོ་བཏོན་ནས་ཉམས་མྱོང་ཕྱོགས་སྡོམ་ལ་སྣང་ཆེན་དང་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱ་ཆེའི་གྲྭ་བཙུན་གྱི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།