དབུ་ཤོག>ཆེད་སྒྲིག
  • ཐོན་ལས་གོང་སྤེལ་མཉམ་ཤུགས་བསྒྲིལ། ཕྱུག་འགྱུར་ལམ་བུ་སྔར་བས་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-15

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོན་ལས་རོགས་སྐྱོར་དེ་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཀྱི་འགག་རྩ་ཡིན་པའི“ཐོན་ལས་དར་རྒྱས”ལ་དམ་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ཐོན་ལས་རྣམ་གྲངས་འཆར་འགོད་དང་། ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཐོན་སྐྱེད་དང་བྲིན་ཚོང་གི་འབྲེལ་ཟམ་སྐྲུན་པ་བཅས་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བས། མཉམ་སྡེབ་ལ་འབབ་འཕར་དང་མང་ཚོགས་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་ཡོད།

    མངོན་མིན་ཤུལ་བཞག་རིག་གནས་ཀྱི་པར་ཤིང་ཐོག་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་བརྐོས་པ།

    “གྲོང་ཚོར་བཅའ་སྡོད་ཧྭ་གློག་བོད་ལྗོངས་ཀུང་སིའི་ལས་དོན་རུ་ཁག་གི་རོགས་རམ་ལ་བརྟེན་ནས་ང་ཚོའི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་སོང་། དེ་བས་གལ་ཆེ་བ་ཞིག་ནི་སྤོ་ལོའི་སྐུ་ཚེའི་ཤིང་བརྐོས་བཟོ་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་དེ་སྔོག་འདོན་གཏིང་ཟབ་ཐུབ་ནས་ཤིང་བརྐོས་དང་། ཡིག་གཟུགས། སྤོས་བཅས་གཞི་གཅིག་ཏུ་འབྲེལ་བའི་གྲོང་ཚོའི་ཀ་རྟེན་རྣམ་པའི་མཉམ་སྡེབ་ཐོན་ལས་ཤིག་ཏུ་གྱུར་ནས་ཚང་མའི་ཕྱུག་འགྱུར་ལམ་བུ་དེ་བས་ཡངས་བར་གྱུར་ཡོད”ཅེས་གྲོང་ཚོར་བཅའ་སྡོད་ཧྭ་གློག་བོད་ལྗོངས་ཀུང་སིའི་ལས་དོན་རུ་ཁག་གི་སྐོར་གླེང་སྐབས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཝེ་འཕྲང་གྲོང་ཚོའི་ཡུལ་མིས་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད།

    2018ལོའི་ཟླ་11པར། ཧྭ་གློག་བོད་ལྗོངས་ཀུང་སིས་ལས་བྱེད་པ་ཝེ་འཕྲང་གྲོང་ཚོར་གྲོང་སྡོད་ལས་དོན་སྤེལ་བར་མངགས་པ་དང་། ཁོང་ཚོས་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་གྲོང་སྡོད་ལས་དོན་གྱི་གཙོ་གནད་མགྱོགས་མྱུར་གཏན་འཁེལ་བྱས་པ་སྟེ། ཡུལ་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་རྒྱུན་འཛིན་གྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐོན་ལས་སྐྱེད་སྲིང་བྱས་ཡོད།

    གྲོང་ཚོར་བཅའ་སྡོད་ཧྭ་གློག་བོད་ལྗོངས་ཀུང་སིའི་ལས་དོན་རུ་ཁག་གིས་ཝེ་འཕྲང་གྲོང་ཚོར་རོགས་རམ་བྱས་ཏེ་མུགས་སངས་མི་རིགས་ལག་ཤེས་བཟོ་རྩལ་ཀུང་སི་བཙུགས་པ་དང་འབྲེལ། སྲིད་གཞུང་ནས་མ་དངུལ་སྒོར་ཁྲི་535བརྩོན་ལེན་བྱས་ཏེ་པར་རྐོས་འཁོར་ཁང་བསྐྲུན་པ་དང་ལེ་ལག་ཚང་བའི་སྒྲིག་ཆས་ཉོས། སྤོ་ལོའི་སྐུ་ཚེའི་པར་རྐོས་ལག་རྩལ་རྒྱུན་འཛིན་པ་གདན་དྲངས་ནས་རྩལ་ནུས་གསོ་སྦྱོང་ཡང་བྱས་ཡོད། དེ་དང་ཆབས་ཅིག་གྲོང་ཚོར་བཅའ་སྡོད་ཧྭ་གློག་བོད་ལྗོངས་ཀུང་སིའི་ལས་དོན་རུ་ཁག་གིས་ཝེ་འཕྲང་གྲོང་ཚོར་ཕྱོགས་མང་པོ་ནས་ཁྲོམ་ར་འཚོལ་རོགས་བྱས་པ་དང་། དངུལ་འབོར་ཁྲི་4000ཙམ་ཟིན་པའི་དུས་ཡུན་ལོ་བཅུ་ཡི་དངོས་ཟོག་མཁོ་སྤྲོད་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པར་མཐུན་སྦྱོར་བྱས་པས། རྣམ་གྲངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱུང་ཡོད།

    ད་ཆ་ལོ་5སོང་རིང་། པར་རྐོས་འཁོར་ཁང་ལ་ཐོག་མར་བཟོ་རྩལ་པ་4ལས་མེད་པ་ནས་བཟོ་རྩལ་པ་དང་དགེ་ཕྲུག་120ལྷག་ཙམ་བར་མང་དུ་ཕྱིན་ནས། པར་རྐོས་དང་། ཡིག་གཟུགས། སྤོས་བཅས་གཞི་གཅིག་ཏུ་འབྲེལ་བའི་གྲོང་ཚོའི་གཅིག་འདུས་རྣམ་པའི་མཉམ་སྡེབ་ཐོན་ལས་ཤིག་ཏུ་རིམ་བཞིན་འཕེལ་རྒྱས་ཕྱིན་ཞིང་། རིམ་རྩིས་བྱས་ན་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་900ལྷག་ཙམ་བྱུང་བ་དང་། ཡུལ་མི་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2017ལོའི་སྒོར་3668ནས་2022ལོའི་སྒོར་ཁྲི་1.2ལྷག་ཙམ་བར་མང་དུ་ཕྱིན་ནས་ཝེ་འཕྲང་གྲོང་ཚོ་ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྒྲོལ་ཕྱུག་འགྱུར་དང་གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་བརྗེ་པོ་རྒྱག་རྒྱུའི་གནས་ཚུལ་ཤེས་རྗེས། ཡུལ་མི་ཚོས་ལྷག་པར་བྲལ་མི་ཕོད་པ་བྱེད་ཅིང་། སྤོ་ལོའི་སྐུ་ཚེའི་པར་རྐོས་ལག་རྩལ་གྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཚེ་འཕེལ་གྱིས་འཕྲལ་མར་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་། གྲོང་ཚོར་བཅའ་སྡོད་ཧྭ་གློག་བོད་ལྗོངས་ཀུང་སིའི་ལས་དོན་རུ་ཁག་ལ་ཐུགས་རྗེ་ཆེ་ཇི་ལྟར་ཞུ་དགོས་ལུགས་ལ་གྲོས་བསྡུར་བྱས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་བསམ་འཆར་འདོན་པ་དང་ཐབས་ཤེས་མང་པོ་བཏོན་པའི་མཐར། ཁོང་ཚོས་སེམས་གཏིང་གི་ཐུགས་རྗེ་ཆེ་ཞུ་སེམས་དེ་ཁོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་འཁྲིད་པའི་ཤིང་རྐོའི་པར་ཤིང་ཐོག་བརྐོ་རྒྱུ་ཐག་བཅད་པ་རེད།

    “ཚེ་འཕེལ་ཁྱོད་ནི་ང་ཚོའི་ཁྲོད་ནས་པར་རྐོས་ལག་རྩལ་ཡག་ཤོས་ཡིན་པས། ཁྱོད་ཀྱིས་ཚབ་བྱས་ཏེ་ང་ཚོ་བསམ་འདུན་པར་ཤིང་ལ་བརྐོས་ཏེ་མཚོན་པར་བྱས་ན་ཡག”ཅེས་ཚང་མས་བཤད་པ་ལྟར་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་བརྐོ་རྒྱུའི་བྱ་བ་དེ་ཚེ་འཕེལ་གྱི་ཕྲག་ཐོག་ཏུ་བབས།

    རིམ་བཞིན་བརྐོས་པའི་མཐར། ཡིག་འབྲུ་184ཡི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་པར་ཤིང་ཐོག་བརྐོས་ཤིང་། “གྲོང་ཚོར་སྔར་བྱུང་མྱོང་མེད་པའི་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད” “ཡུལ་མི་ཚོས་ལོ་མང་རེ་སྒུག་བྱེད་པའི་ལམ་དང་། དྲ་བ། འཕྲིན་གཏོང་བཅས་སྒོ་རྩར་ཁྲིད་ཐུབ་པ”སོགས་ཀྱི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ལས་ཝེ་འཕྲང་གྲོང་ཚོའི་མང་ཚོགས་ཀྱིས་ཧྭ་གློག་བོད་ལྗོངས་ཀུང་སིར་ཟོལ་མེད་བརྩེ་བ་འཆང་ལུགས་གང་ལེགས་མཚོན་ལ། གྲོང་ཚོ་ཆུང་ཆུང་དེ་གྲོང་གསེབ་དར་རྒྱས་ཀྱི་རྒྱང་ལམ་གསར་པར་བསྐྱོད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་ཀྱང་མངོན་ཡོད།

    ཐོན་ཟོག་འགྲེམས་ཚོང་བྱས་པས་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་པ།

    ཁ་བ་དཀར་པོའི་འདབས་སུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་ནི་དེ་སྔའི་ཇ་རྟ་གནའ་ལམ་འགྲིམ་འགྲུལ་གྱི་འགག་གནད་ཅིག་ཡིན་ལ། ད་ཆ་དྲ་ཐོག་མིང་ཅན་གཞུང་ལམ་གྱི“པིན་ཚ་རྫ”ཡི་དངོས་ཟོག་མཁོ་སྤྲོད་ཀྱི་ས་ཚིགས་གལ་ཆེན་ཞིག་ཀྱང་རེད།

    ན་ནིང་ནས་བཟུང་ཚ་བ་རོང་ཤང་མུ་པ་གྲོང་ཚོར་ཐོན་འབབ་བཟང་བའི་ཚ་ལུ་མ་འཚོང་དཀའ་བའི་གནད་དོན་འཕྲད་ལ། མང་ཚོགས་ཀྱིས་དུས་འགོར་བཏུས་པའི་རི་སྐྱེས་ཀོ་ཤ་ཡང་འཚོང་མ་ཐུབ་པར་ལུས་ཡོད།

    གནས་ཚུལ་དེ་དག་མུ་པ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་པོ་ལེ་ཁའེ་ཀྲི་དང་རུ་མི་ཚོས་མཐོང་ནས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད།

    མང་ཚོགས་ཀྱིས་ཕྱིར་ཚོང་དཀའ་བའི་གནད་དོན་གང་མགྱོགས་ཐག་གཅོད་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་འཕྲལ་མར་ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ལ་སྙན་སེང་ཞུས་པ་མ་ཟད། རྒྱབ་སྐྱོར་ཤུགས་ཆེན་ཐོབ་རྗེས་རུ་མི་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་རང་ཉིད“བྲིན་ཚོང་བ”བྱས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་མཉམ་དུ་རྫ་ཡུལ་རྫོང་གྲོང་དང་ཚ་བ་རོང་ཤང་དུ་བསྐྱོད་དེ་ལམ་འགྲམ་དུ་ཁྲོམ་འདོན་པ་དང་སྐད་འཕྲིན་གྱི་གྲོགས་ཚོགས་སུ་བརྒྱུད་སྐུར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བཙོངས་ཤིང་། མིག་སྔའི་བར་རིམ་རྩིས་བྱས་ན་རི་སྐྱེས་ཀོ་ཤ་རྒྱ་མ་40དང་ཚ་ལུ་མ་སོས་པ་རྒྱ་མ་5000ལྷག་ཙམ་བཙོངས་པར་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་7ཙམ་བྱུང་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་འགན་འཁུར་བས་གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཀོང་ཏུང་དང་བོད་དབར་གྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་གོ་སྐབས་ལ་བརྟེན་ནས། ཉིང་ཁྲིའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་བས་མང་བ་རི་ཁུལ་ནས་ཁྲོམ་རར་འདོན་པ་དང་ས་མཐོའི་ཁྱད་ལྡན་ཐོན་རྫས་འདེབས་འཛུགས་བྱ་རྒྱུ་དེ་མང་ཚོགས“ཕྱུག་འགྱུར་ཐབས་ལམ”གྱི་གསེར་གྱི་ལྡེ་མིག་ལྟ་བུར་ཧུར་ཐག་འགྱུར་བར་བྱས་ནས་རོགས་སྐྱོར་ས་ཚིགས་ཀྱི་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྣེ་ཁྲིད་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲལ་དོན་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།

    མཉམ་ལས་ཁང་གི་ཆུ་བཟོ་གྲྭའི་བགོ་འགྲེམས་རྒྱག་ཡུལ་དུ་འཁྲུག་ཆ་ཧ་ཅང་དོད་པ།

    ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གསང་ཁ་སྒང་གྲོང་ཚོའི་འབྲོག་པའི་ཁྱིམ་ཚང་213གྱི་ངོས་ནས་བརྗོད་ན། གྲོང་ཚོའི་ཆུ་བཟོ་གྲྭའི་བགོ་འགྲེམས་རྒྱག་པའི་ཉིན་མོ་ནི་ལོ་ལྟར་གྲོང་ཚོའི་ནང་འཁྲུག་ཆ་དོད་ཤོས་ཀྱི་ཉིན་མོའི་གྲས་ཤིག་རེད།

    ཞོགས་པ་སྔ་པོ་ནས་ཡུལ་མི་ཚོ་གྲོང་ཚོ་ཨུ་ལྷན་དུ་འཛོམས་ནས་བགོ་འགྲེམས་སྒུག་བཞིན་ཡོད།

    བློ་བཟང་ནི“གསང་ཁ་སྒང་ཆུ་མིག”གི་ཆུ་བཟོ་གྲྭའི་ལག་རྩལ་པ་ཡིན་ཞིང་། ཁོང་གིས་ཆུ་བཟོ་གྲྭའི་སྒྲིག་ཆས་ལ་རྒྱུན་གཏན་གྱི་ཉམས་བཟོ་དང་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་བ་དང་། ཆུ་བཟོ་གྲྭ་བཙུགས་པ་ནས་བཟུང་དེ་གར་ལས་ཀ་བྱེད། ཁོང་གིས“ད་ལོ་ཆུ་བཟོ་གྲྭར་ལས་ཀ་བྱེད་པ་དང་བགོ་འགྲེམས་བརྒྱབ་པའི་ཡོང་འབབ་སྒོར་ཁྲི་4ཙམ་བྱུང”ཞེས་ཁེ་སྤོགས་རག་རྗེས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་གསར་འགོད་པར་བཤད།

    གྲོང་ཚོ་དེའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཞུས་ཁྲུན་ཡུས་ཀྱིས“གསང་ཁ་སྒང་གྲོང་ཚོ་ས་བབ་མཐོ་བ་དང་། ཐོན་ལས་ཉུང་བ། ཡུལ་མིའི་རིག་གནས་ཀྱི་ཆུ་ཚད་ཞན་པ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་དེ་སྔ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3000ཡང་མ་ལོན་པའི་གྲོང་ཚོ་དབུལ་པོ་ཞིག་རེད། 2019ལོར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཀུང་སིས་མ་དངུལ་བཏང་ནས་འགྱིག་དམ་ཆུའི་བཟོ་གྲྭ་བཙུགས་ཏེ་གསང་ཁ་སྒང་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གི་ཡོང་འབབ་དང་ཡུལ་མིར་བགོ་འགྲེམས་རྒྱག་པའི་ཡོང་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད། 2021ལོར‘གསང་ཁ་སྒང’ཚོང་རྟགས་ཐོ་འགོད་ལམ་ལྷོངས་བྱུང་སྟེ། བཟོ་གྲྭ་བཙུགས་པ་ནས་ད་བར་རིམ་རྩིས་བྱས་ན་སྒོར་ཁྲི་50ལྷག་ཙམ་བགོ་འགྲེམས་བརྒྱབ་ཡོད”ཅེས་ངོ་སྤྲོད་བྱས།

    གཞན་ཡང་། 2022ལོར་གྲོང་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་ལ་བརྟེན་ནས་གྲོང་ཚོའི་མཉམ་ལས་ཁང་གིས་ཁྱིམ་བྱ་གསོ་ཚགས་ཚོད་ལྟ་བྱས་ནས་གསང་ཁ་སྒང་གྲོང་ཚོར་བྱང་ཐང་གི་ཡཱ་ཙེ་གསོ་ཚགས་བྱེད་མཁན་གྲོང་ཚོ་དང་པོར་གྱུར་ཡོད། 2021ལོར་གྲོང་སྡོད་ལས་དོན་རུ་ཁག་གིས་དྲོད་ཁང་ཆེན་པོ་བསྐྲུན་ནས་ཧྲང་ཧའེ་ཆིང་དང་པད་ཚལ་སོགས་ཞིང་ལས་སྐྱེ་དངོས་སྣ་ཁ་20ལྷག་ཙམ་སྔ་རྗེས་སུ་ཚོད་འདེབས་བྱས་པ་མ་ཟད། ཞིང་འབྲོག་མང་ཚོགས་ལ་སྣེ་ཁྲིད་དེ་སྔོ་ཚལ་འདེབས་སྟངས་ཀྱང་བསླབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།