《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》 སྐོར་གྱི་དྲི་བ་དྲིས་ལན། (17)
ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས་ཏང་ཡོན་གྱི་འོས་འགན་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ནང་དོན་ཁ་སྣོན་རྒྱག་དོན་གང་ཡིན་ནམ།
ལན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་དོན་ཚན་གསུམ་པའི་ནང་ཏང་ཡོན་གྱིས་ངེས་པར་དུ་ལག་ལེན་བསྟར་དགོས་པའི་འོས་འགན་གྱི་རྣམ་གྲངས་དང་པོར་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ནང་དོན་ཁ་སྣོན་བརྒྱབ་ཡོད། ཁ་སྣོན་འདི་ལྟར་བརྒྱབ་པ་ལས། ཏང་ཡོན་གྱི་འོས་འགན་སྐོར་གྱི་ཏང་གི་སྒྲིག་ཡིག་གི་གཏན་འབེབས་དེ་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་སྔར་བས་འཚམ་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་དང་སྔར་བས་མཐུན་པ། རྒྱ་ཆེའི་ཏང་ཡོན་ལ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ་བཅས་ཀྱི་ཁྲིད་སྟོན་བྱེད་པར་ཕན་པ་ཡོད།
དང་པོ། དེས་རྒྱ་ཆེའི་ཏང་ཡོན་ཚོས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་ལ་ཁྲིད་སྟོན་བྱེད་པར་ཕན་པ་ཡོད། ལོ་རྒྱུས་ནི་དཔེ་གཞི་འཛིན་ས་ཡག་ཤོས་དང་འཚོ་བཅུད་ལེན་ས་ཡག་ཤོས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ་དང་གུང་ཁྲན་ཏང་མིའི་བསམ་པའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ། ཏང་གི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་ཞེས་ནན་བཤད་ཡང་ཡང་གནང་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུ་དེ་ཏང་ཡོན་གྱི་འོས་འགན་ནང་བཅུག་ཚེ། རྒྱ་ཆེའི་ཏང་ཡོན་ཚོར་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་རང་རྟོགས་ཀྱི་བསམ་པ་ཆེ་རུ་འགྲོ་བར་སློབ་གསོ་ཁྲིད་སྟོན་བྱེད་ཐུབ། ལོ་100ལྷག་ཙམ་རིང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་ཀྱི་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་ཏང་ཡོངས་ཀྱིས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་ལོ་རྒྱུས་སྦྱངས་ནས་ཕུགས་འདུན་རྟོགས་ཏེ། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་ལ་ཕུལ་བའི་ལེགས་སྐྱེས་རླབས་པོ་ཆེ་དང་རྩ་བའི་གྲུབ་འབྲས་ཤེས་རྟོགས་བྱེད་པ་དང་། དེང་རབས་ཀྱི་ཀྲུང་གོ་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསལ་རྟོགས་བྱེད་པ། ལོ་རྒྱུས་ཀྱི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ། དཀའ་སྡུག་དང་གཟི་བརྗིད་ལྡན་པའི་སྔར་སོང་དང་། ཉིན་བཞིན་རྣམ་པ་གསར་པ་མངོན་པའི་དེང་དུས། འོད་སྟོང་འཕྲོ་བའི་འབྱུང་འགྱུར་བཅས་འབྲེལ་མཐུད་ཐུབ་པར་བྱེད་པ། ཟང་ཟིང་ཁྲོད་ཁ་ཕྱོགས་ལ་སྟངས་འཛིན་བྱེད་པ། ཉེན་ཁ་དང་འགྲན་སློང་ཁྲོད་བློ་སྟོབས་དང་ཤེས་རྒྱ་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་པའི་གདེང་ཚོད་དང་སྒུལ་ཤུགས་འཕེལ་བར་བྱེད་པ། དྲག་ཆར་རླུང་འཚུབ་ལ་མ་འཛེམ་པ་དང་བློ་རྩ་བརྟན་པོས་མདུན་སྐྱོད་བཅས་བྱས་ནས་ང་ཚོ་མི་རབས་འདིར་གཏོགས་པའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུ་དེ་ཏང་ཡོན་གྱི་འོས་འགན་ནང་བཅུག་ཚེ། རྒྱ་ཆེའི་ཏང་ཡོན་ཚོར་དད་སེམས་དང་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སློབ་གསོ་ཁྲིད་སྟོན་བྱེད་ཐུབ། དུས་རབས་གསར་པར་དད་སེམས་དང་གདེང་ཚོད་བརྟན་དུ་གཏོང་བར་གལ་འགངས་ཆེ་ཤོས་ནི“གདེང་ཚོད་བཞི”བརྟན་དུ་གཏོང་རྒྱུ་རེད། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་གྲུབ་འབྲས་རླབས་པོ་ཆེ་ནི་ང་ཚོས“གདེང་ཚོད་བཞི”ཆེ་རུ་གཏོང་བའི་རྨང་གཞི་བརྟན་ཤོས་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་ནི་ཏང་ཡོངས་ཀྱིས་གསར་བརྗེའི་སྲིད་དབང་ནི་ལས་སླ་པོར་བྱུང་བ་མིན་པ་དང་། ཀྲུང་གོ་གསར་པ་ནི་ལས་སླ་པོར་བྱུང་བ་མིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ལས་སླ་པོར་བྱུང་བ་མིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་དང་། ཀྲུང་གོ་གུང་ཁྲན་ཏང“འཇོན”དོན་དང་། མར་ཁེ་སི་རིང་ལུགས“འགྲིག”དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས“ཡག”དོན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས“གདེང་ཚོད་བཞི”རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་ངེས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཀྲུང་གོ་བའི་བློ་སྟོབས་དང་། ལ་རྒྱ། གདེང་སྤོབས་བཅས་ཆེ་རུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུ་དེ་ཏང་ཡོན་གྱི་འོས་འགན་ནང་བཅུག་ཚེ། ཏང་གི་རང་ངོས་གསར་བརྗེ་དང་ཏང་གི་གསོན་ཤུགས་ནམ་ཡང་གནས་པར་སྐུལ་འདེད་དེ་བས་ལེགས་པ་ཐེབས་ཐུབ། རང་རེའི་ཏང་ལ་ཐོག་མའི་ཏང་ཡོན་50ལྷག་ཙམ་ནས་ད་ཆའི་ཏང་ཡོན་ཁྲི་9600ལྷག་ཙམ་བར་འཕེལ་རྒྱས་བྱུང་ནས། དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ཡང་ནས་ཡང་དུ་ཐོབ་པའི་འགག་རྩ་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་མཐའ་འཁྱོངས་བྱེད་པ་དང་སྤྱི་ཚོགས་ཀྱི་གསར་བརྗེར་སྐུལ་འདེད་གཏོང་བ་དང་དུས་མཚུངས་རང་ངོས་ཀྱི་གསར་བརྗེ་མཐར་ཕྱིན་པ་བྱེད་པར་ཐུག་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་ཏང་ཡོངས་ཀྱིས་མཐར་ཕྱིན་པའི་གསར་བརྗེའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད་པ་མཐའ་འཁྱོངས་བྱེད་པ་དང་། རྒྱུགས་འབུལ་གྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེ་གསར་པར་ཁྲིད་སྟོན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
གཉིས་པ། འདི་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་ཡོན་དཔུང་ཁག་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དགོས་མཁོ་དངོས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རེའི་ཏང་འཛམ་གླིང་ཐོག་གི་སྲིད་ཏང་ཆེ་ཤོས་ཤིག་ཡིན་པའི་ངོས་ནས། ཆེ་ན་ཆེ་ཉམས་ལྡན་དགོས་ལ། ཆེ་ན་དཀའ་ཁག་ཡང་ཡོད་པས། ཏང་ཡོངས་ཀྱིས་ཐུན་མོང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་ཡོང་བར་འགན་ལེན་ཇི་ལྟར་བྱེད་རྒྱུ་ནི་དེ་བས་ལས་སླ་པོ་མིན་ཞེས་གསུངས་ཡོད། མིག་སྔར། ཏང་ཡོན་དཔུང་ཁག་གི་སྤྱིའི་གནས་ཚུལ་ཡག་པོ་ཡོད་པ་དང་དུས་མཚུངས་ཕྱོགས་གསུམ་ཐད་ཀྱི་དོན་དངོས་གནས་ཚུལ་ལ་སྣང་ཆུང་བྱེད་མི་རུང་བ་སྟེ། གཅིག་ནས་ཏང་ཡོན་དཔུང་ཁག་གི་གཞི་ཁྱོན་ཆེ་བ་དང་། 2021ལོའི་ཟླ་12པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཏང་ཡོན་བསྡོམས་འབོར་མི་ཁྲི་9671.2ཟིན་པ་དང་། ཁྱབ་ཁོངས་ཁག་དང་། ལས་རིགས་ཁག ཚོགས་སྤྱི་ཁག་བཅས་ལ་ཁྱབ་ཡོད་པས་དཔུང་ཁག་དེ་དག་ལ་སློབ་གསོ་དང་དོ་དམ་ཡག་པོ་བྱེད་པ་ནི་ལས་སླ་པོ་གཏན་ནས་མིན། གཉིས་ནས་སྟོབས་ཤུགས་གསར་པ་མང་དུ་ཕྱིན་པ་དང་། བསྡོམས་རྩིས་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལོ་རེར་གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་ནང་ལོ་35དང་དེ་མན་གྱིས་80%ཡན་ཟིན་པ་དང་། ན་གཞོན་ཏང་ཡོན་མང་པོ་ཞིག་གིས་ཏང་གི་ལོ་རྒྱུས་ལ་ཤེས་རྟོགས་དང་རྒྱུས་མངའ་དེ་ཙམ་མེད་པ། གསུམ་ནས་ཏང་ཡོན་ཉུང་ཤས་ཀྱི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཞན་དུ་སོང་བ་དང་། ཁ་ཤས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་པོ་མེད་པ། ཁ་ཤས་ཀྱི་དམིགས་ཡུལ་གྱི་འདུ་ཤེས་ཞན་པ། ཁ་ཤས་ཀྱི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་འདུ་ཤེས་ཞན་པ། ཁ་ཤས་ཀྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་མངོན་གསལ་དོད་པོ་མེད་པ། ཁ་ཤས་ཐ་ན་བསམ་བློ་ངན་འགྱུར་དང་ཁོག་རུལ་ངན་འགྱུར་དུ་སོང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུ་དེ་ཏང་ཡོན་གྱིས་ངེས་པར་དུ་ལག་ལེན་བསྟར་དགོས་པའི་འོས་འགན་ནང་བཅུག་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མུ་མཐུད་ཤུགས་སྣོན་རྒྱག་པར་རྩ་བའི་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱས་པ་དེས། རྒྱ་ཆེའི་ཏང་ཡོན་ཚོར་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རིང་སློབ་གསོ་ཐེབས་པ་དང་། བློ་སྒོ་འབྱེད་པ། རྨོངས་གཉིད་ལས་བསད་པ་བཅས་བྱུང་ནས། གུང་ཁྲན་ཏང་མིའི་སྲོལ་རྒྱུན་བཟང་པོ་དང་ཐོག་མའི་བསམ་བློའི་རང་མདངས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་རང་རེའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་ཁྲིད་སྟོན་བྱེད་པར་ཕན་པ་ཡོད།
གསུམ་པ། འདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཤུགས་སྣོན་བརྒྱབ་པའི་སྙིང་བསྡུས་དང་ཕྱོགས་བསྡོམས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་པར་ཚད་མཐོའི་མཐོང་ཆེན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་རྩ་ཆེའི་ཉམས་མྱོང་བསགས་ཡོད་པ་སྟེ། གཅིག་ནས་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོའི་ཁྲོད་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཅིང་། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་ནན་ཏན་བྱེད་པའི་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ཏེ། ཐག་ཉེ་ས་དང་སྟབས་བདེ་ས་ནས་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་ལེན་བྱེད་པ་དང་། ལྷག་པར་དུ་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་མཚམས་ལ་ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཏང་ཡོངས་ཀྱི་བློ་མཐུན་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ལམ་སྲོལ་གསར་པ་ཆགས་པར་བྱས་ཡོད། གཉིས་ནས་གཅིག་སྡུད་གསོ་སྦྱོང་ཁྲོད་ཏང་གི་ལོ་རྒྱུས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། རིམ་པ་ཁག་གི་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་ལས་བྱེད་པའི་སློབ་གླིང་དུ་ཏང་གི་ལོ་རྒྱུས་སློབ་ཚན་བཀོད་སྒྲིག་བྱེད་པ་དང་། ཏང་ཡོན་གྱི་དགུན་དཔྱིད་ཀྱི་སྦྱོང་བརྡར་ནང་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ནང་དོན་ཁ་སྣོན་བྱས་ཏེ་ཏང་ཡོན་དང་ལས་བྱེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་སྤེལ་བའི་ཁྲིད་སྟོན་བྱས་པ། གསུམ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་རྒྱུན་གཏན་སློབ་གསོའི་ཁྲོད་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཅིང་། ཏང་ཀྲི་པུས་ཏང་ཡོན་ལ་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་ལས་སྟེགས་དང་གཞི་རྟེན་གང་ལེགས་སྤྱད་པ། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏང་ཡོན་དང་། གཞི་རིམ། མི་སེམས་བཅས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས་གྲུབ་འབྲས་ཐོབ་པའི་ལག་ལེན་གྱི་ཉམས་མྱོང་དེ་དག་ལམ་ལུགས་སུ་འགྱུར་བ་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བར་ཐབས་ལམ་གལ་ཆེན་མཁོ་འདོན་བྱས་ཡོད་ལ། ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་སྤེལ་བར་འདེགས་སྐྱོར་དང་འགན་སྲུང་ཡང་བྱས་ཡོད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣