“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། དམངས་འཚོར་ཕན་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་དེ་བས་མང་བ་སྤྱད་དེ་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་ཚེ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཐུབ་ངེས་ཡིན་པ་ང་ཚོས་ཡིད་ཆེས་བྱེད་དགོས”ཞེས་ཉེ་ཆར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་སྐྱུང་ཚང་ཤང་ཉི་མ་ལུང་གྲོང་ཚོའི་རིག་གནས་ཁང་ཉེ་འགྲམ་གྱི་རི་ལྡེབས་སུ་བུད་མེད་གཅིག་གིས་དེ་ལྟར་བཤད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཉམ་དུ་སློབ་སྦྱོང་བྱེད་པའི་རྣམ་པ་ཞིག་གསར་འགོད་པས་མཐོང་བྱུང་།
“ཁྱེད་རང་ཡང་གྲོང་ཚོ་འདི་གའི་འབྲོག་པ་ཡིན་ནམ”
“ཡིན། ངའི་མིང་ལ་ཀརྨ་ཚེ་རིང་གཡང་འཛོམས་ཟེར་གྱི་ཡོད། ཉི་མ་ལུང་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཡིན་ལ་གཞི་རིམ་གྱི་སྒྲོག་འགྲེལ་པ་ཞིག་ཀྱང་ཡིན། ལས་ཀ་མེད་པའི་སྐབས་ང་གྲོང་ཚོའི་རིག་གནས་ཁང་ཉེ་འགྲམ་གྱི་རྩྭ་རར་ལུག་འཚོ་བར་འགྲོ་གི་ཡོད། གང་ལགས་ཤེ་ན། ས་ཆ་འདིར་རྒྱུན་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་མི་ཅུང་མང་བས། ཚང་མ་དང་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་ཏང་གི་རིགས་པའི་གཞུང་ལུཌ་དང་སྲིད་ཇུས་སྒྲོག་འགྲེལ་དེ་བས་ལེགས་པ་ཐུབ་ཀྱི་འདུག”ཅེས་ཀརྨ་ཚེ་རིང་གཡང་འཛོམས་ཀྱི་ངོ་གདོང་ནས་བབ་ཆགས་པའི་འཛུམ་མདངས་ཤིག་སྟོན་བཞིན་དུ་བརྗོད་པ་དང་། ཁོང་གིས“ཏང་ཡོན་ཞིག་ཡིན་པའི་ངོས་ནས་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱ་རྒྱུ་དེའང་རང་འཁྲིའི་ལས་འགན་ཡིན”ཞེས་བརྗོད།
2017ལོར། ཀརྨ་ཚེ་རིང་གཡང་འཛོམས་གཞི་རིམ་གྱི་སྒྲོག་འགྲེལ་པ་ཞིག་ཏུ་གྱུར། ལོ་དྲུག་རིང་གི་སྒྲོག་འགྲེལ་ལས་དོན་ཁྲོད་ཁོང་གྲོང་ཚོའི་གང་སར་བསྐྱོད་དེ“མང་ཚོགས་དང་འབྲེལ་འདྲིས”དང“བྱ་བ་དངོས་སྒྲུབ་པའི”སྐད་ཆ་ཤོད་སྟངས་མཐའ་འཁྱོངས་བྱས་ནས་འབྲོག་པ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་དང་ཕན་ཚུན་སྤེལ་རེས་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གསར་ཤོས་མི་སེར་ལ་སྒྲོག་འགྲེལ་བྱེད་ཀྱི་ཡོད།
དཀའ་སྤྱད་འབད་བརྩོན་བྱས་པར་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཅིང་། ཡུལ་མིའི་སེམས་ནང་ཀརྨ་ཚེ་རིང་གཡང་འཛོམས་ནི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་མཁན་གྱི“གཙོ་ཤུགས་དམག”ཅིག་ཡིན་པ་མ་ཟད། གྲོང་གསེབ་དར་རྒྱས་དང་མང་ཚོགས་ཕྱུག་པོ་ཆགས་རྒྱུར“སྣེ་འཁྲིད་མཁན”ཞིག་ཀྱང་ཡིན། ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན་ཀརྨ་ཚེ་རིང་གཡང་འཛོམས་གྲོང་ཁྱེར་རིམ་པའི“ཕུལ་བྱུང་སྒྲོག་འགྲེལ་པར”བསྟུད་མར་ཐེངས་མང་བདམས་ཡོད།
ཏང་ཡོན་ཞིག་ཡིན་པའི་ཀརྨ་ཚེ་རིང་གཡང་འཛོམས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཞིང་། ཡུལ་མི་སུའི་ཁྱིམ་ལ་དཀའ་ངལ་འཕྲད་ཚེ་ཁོང་གིས་རང་འགུལ་ངང་རོགས་རམ་བྱས་ཏེ་གང་དུ་དགོས་མཁོ་ཡོད་ཚེ་དེར་ཁོང་གི་གཟུགས་བརྙན་མཐོང་རྒྱུ་ཡོད་པས་ཡུལ་མི་ཚོའི་བསམ་བློ་ཡར་ཐོན་ཡོང་བ་དང་བྱ་སྤྱོད་ལ་འགྱུར་ལྡོག་འགྲོ་བར་སྣེ་ཁྲིད་ཧུར་ཐག་བྱེད་ཀྱི་ཡོད།
“སྔོན་མ་ངས་ཉི་མ་གང་འཁྱོལ་བྱས་ཏེ་དངུལ་ཡོད་དུས་ཕྱིར་འགྲོ་བ་དང་། དངུལ་མེད་དུས་ཉལ་བསྡད་དེ་ཁྱིམ་ཚང་གི་འགན་འཁྲི་གཏན་ནས་འཁུར་གྱི་མེད། རྗེས་སུ་ཀརྨ་ཚེ་རིང་གཡང་འཛོམས་དང་གྲོང་ཚོའི་ལས་བྱེད་པས་རྟག་ཏུ་ངའི་ཁྱིམ་དུ་ཡོང་ནས་ང་ལ་ཁ་ཏ་བསླབ་བྱ་བྱས་པས། ཁོང་ཚོའི་སློབ་གསོའི་ཁྲིད་སྟོན་ལ་བརྟེན་ནས‘བདེ་སྐྱིད་ཀྱི་འཚོ་བ་དེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ’ཤེས་བྱུང་། ད་ཆ་ངས་གྲོང་ཚོའི་ནང་ཇ་ཁང་ཆུང་ཆུང་ཞིག་བཙུགས་པར་ཚོང་ཧ་ཅང་ཡག་པོ་འདུག་ལ་ཉིན་ལྟར་སེམས་སྐྱིད་པོ་འདུག”ཅེས་ཡུལ་མི་སྲི་ཆོད་ཚེ་རིང་གིས་བརྗོད།
ཀརྨ་ཚེ་རིང་གཡང་འཛོམས་དང་གླེང་མོལ་བྱེད་སྐབས། མིག་སྔར་ཉི་མ་ལུང་གྲོང་ཚོའི་བུད་མེད་མང་ཆེ་བས་བསླས་ཐག་ལག་རྩལ་ཤེས་ཀྱི་ཡོད་པ་གསར་འགོད་པས་ཤེས་རྟོགས་བྱུང་། དུས་རྒྱུན་ཁོམ་པ་ཡོད་རིམ་བཞིན་ཀརྨ་ཚེ་རིང་གཡང་འཛོམས་ཀྱིས་བུད་མེད་ཁག་གཅིག་ཁྲིད་དེ་དྲ་ཐོག་ནས་འཁེལ་འཐག་ལག་རྩལ་གསར་པ་དེ་བས་མང་བ་སྦྱོང་གི་ཡོད། ཁྱིམ་ཚང་ཁག་གཅིག་གིས་ལག་ཤེས་ཐོན་རྫས་བཟོ་བ་དང་བྲིན་ཚོང་བྱས་པར་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་རྫོང་གི་འབྲོག་ལས་ཐོན་རྫས་ཚོང་འདུས་སུ་གྲོང་ཚོའི་ལག་ཤེས་ཐོན་རྫས་ཕྱིར་ཚོང་བྱས་པར་སྒོར་5000ཙམ་རག་ཡོད།