དབུ་ཤོག>ཆེད་སྒྲིག
  • གནད་དོན་ཐག་གཅོད་བྱེད་པར་དམིགས་ནས་གཞི་རིམ་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-11

    འདི་ནི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་མི་སྣས་རྩྭ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ“གཅིག་འཐུས་རྣམ་པའི”རོགས་ཁྲིད་བྱས་ནས་གྱོད་དཔེར་བགྲོ་གླེང་བྱེད་བཞིན་པ།

    2022ལོར། 《སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་འཁེལ་བྱས་པའི་ཞིབ་དཔྱོད་ལས་སྒོའི་ལྟེ་བའི་དམིགས་ཚད་ཁག་ལ་སྐུལ་འདེད་བཏང་ནས་སྔོན་ཐོན་བརྩོན་ལེན་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། བོད་ཀྱི་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བཅས་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་གཞི་རིམ་གྱི་རྨང་གཞི་ཞན་པའི་གནད་དོན་ལ་དམ་འཛིན་བྱས་ནས་གཞི་རིམ་ཞིབ་དཔྱོད་ཁང་74ལ་གཤམ་སྐྱོད་དང་སྦྲགས། མང་ཚོགས་ཀྱི་འཐབ་ས་དང་པོ་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོ། གྱོད་སྒྲུབ་ཀྱི་འཐབ་ས་དང་པོ། ལྟ་སྐུལ་གྱི་འཐབ་ས་དང་པོ། མཐའ་སྲུང་གི་འཐབ་ས་དང་པོ་བཅས་ལ་བསྐྱོད་དེ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ“གཅིག་འཐུས་རྣམ་པའི”རོགས་ཁྲིད་ལས་དོན་སྤེལ་བ་རེད།

    བཅུ་ཆ་གཅིག་བཀོད་སྒྲིག་ལ་ཐུག་པ་དང་བཅུ་ཆ་དགུ་དོན་འཁྱོལ་ལ་ཐུག་ཡོད། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དངོས་འཛིན་དངོས་སྒྲུབ་ཀྱི་གྲུབ་འབྲས་ཐོག་ནས་མཚོན་དགོས། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་སྤེལ་བའི“གཅིག་འཐུས་རྣམ་པའི”རོགས་ཁྲིད་ལས་དོན་ལ་དོན་སྙིང་གལ་ཆེན་གང་ཞིག་ལྡན་པ་དང་སྐུལ་འདེད་གཏིང་ཟབ་ཇི་ལྟར་གཏོང་དགོས་སམ་ཞེ་ན།

    གྱོད་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་བ།

    “གཅིག་འཐུས་རྣམ་པའི”རོགས་ཁྲིད་ཅེས་པ་གང་ལ་ཟེར་རམ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཁོངས་མི་དང་ཅན་ཁྲ་ཀྲང་གཞོན་པ་ལི་ཀའོ་ཧྲེང་གིས། མདོར་བསྡུས་ནས་བཤད་ན། ཉེས་དོན་དང་། དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས“ཕན་ཚུན་ཞིབ་གཅོད་བྱེད་རེས”ཀྱི་བྱེད་ཐབས་བརྒྱུད། གནད་དོན་དང་གྱོད་ཁུངས་ཤེས་རྟོགས་ཐུབ་པར་བྱས་ནས། བཅའ་ཁྲིམས་ཀྱི་ལྟ་སྐུལ་མེད་པའི་སྟོང་ཆ་གསབ་རྒྱུ་དེ་རེད། དེའི་དམིགས་ཡུལ་ནི་གྱོད་གཞི་སྒྲུབ་པའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ནས། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་འཁེལ་བྱས་པའི་ཞིབ་དཔྱོད་ལས་སྒོའི་གྱོད་གཞི་གཙོ་བོ་ཁག་གི་སྤུས་ཚད་དང་། གདེང་འཇོག དམིགས་ཚད་བཅས་དོན་འཁྱོལ་ཕྱོགས་ཡོངས་ནས་གོང་མཐོར་འགྲོ་བའི་འགན་ལེན་བྱེད་རྒྱུ་དེ་རེད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་གོ་གནས་མྱུལ་ཞིབ་ལས་དོན་ལམ་སྲོལ་བཙུགས་པ་དང་། ལི་ཀའོ་ཧྲེང་གིས་ཙུའུ་ཀྲང་གི་འགན་འཁུར་བའི“གཅིག་འཐུས་རྣམ་པའི”རོགས་ཁྲིད་འགོ་ཁྲིད་ཚོགས་ཆུང་གི་མངའ་འོག་ཏུ་འགན་ནུས་ཚོགས་ཆུང་བཞི་བཙུགས་ནས། གྲོང་ཁྱེར(ས་ཁུལ)ཁག་ཏུ་བསྐྱོད་དེ་ཕན་ཚུན་རོགས་རམ་དང་ལས་བགོས་གཞོགས་འདེགས་བྱས་ནས་ཕྱོགས་ཡོངས་དང་ཞིབ་ཚགས་ངང་རོགས་ཁྲིད་ལས་དོན་སྤེལ་་རྒྱུ་ཡིན་པ་རེད། 

    ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་མི་དམངས་ཞིབ་དཔྱོད་ཁང་ནི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཞིབ་དཔྱོད་ཁང་ཉམས་ཞན་ཁག་དང་པོའི་གྲས་རེད།

    2022ལོའི་ཟླ་5ཚེས་16ཉིན། ལས་དོན་ཚོགས་ཆུང་མཚོ་གཉིས་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ“གཅིག་འཐུས་རྣམ་པའི”རོགས་ཁྲིད་བྱེད་པར་བསྐྱོད། རོགས་ཁྲིད་མ་བྱས་གོང་ཞིབ་དཔྱོད་ཁང་དེའི“ཉེས་དོན་ཞིབ་དཔྱོད”གྱོད་གཞིའི་གྲངས་འབོར་1དང་། “དམངས་དོན་ཞིབ་དཔྱོད”གྱོད་གཞིའི་གྲངས་འབོར་0 “སྤྱི་ཕན་གཏུག་བཤེར”གྱོད་གཞིའི་གྲངས་འབོར་2 “སྲིད་འཛིན་ཞིབ་དཔྱོད”གྱོད་གཞིའི་གྲངས་འབོར་0 “ཉེས་དོན་ལག་བསྟར་ཞིབ་དཔྱོད”གྱོད་གཞིའི་གྲངས་འབོར་0བཅས་ཡིན་པ་རེད། རོགས་ཁྲིད་བྱས་རྗེས་ཁྲིམས་ཁང་དེའི“ཉེས་དོན་ཞིབ་དཔྱོད”གྱོད་གཞིའི་གྲངས་འབོར་3མང་དུ་ཕྱིན་པ་དང་། “དམངས་དོན་ཞིབ་དཔྱོད”གྱོད་གཞིའི་གྲངས་འབོར་13མང་དུ་ཕྱིན་པ། “སྤྱི་ཕན་གཏུག་བཤེར”གྱོད་གཞི་2མང་དུ་ཕྱིན་པ། “སྲིད་འཛིན་ཞིབ་དཔྱོད”གྱོད་གཞིའི་གྲངས་འབོར་1མང་དུ་ཕྱིན་པ། “ཉེས་དོན་ལག་བསྟར་ཞིབ་དཔྱོད”གྱོད་གཞིའི་གྲངས་འབོར་1མང་དུ་ཕྱིན་ནས། ལས་སྒོའི་དམིགས་ཚད་གསུམ་གྱི་སྟོང་ཆ་གསབ་ཡོད།

    མཚོ་གཉིས་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་རྣམ་རྒྱལ་གྱིས“‘གཅིག་འཐུས་རྣམ་པའི’རོགས་ཁྲིད་ནི་ལས་ཀའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བའི་ཆེས་ཐད་ཀར་དང་ནུས་ལྡན་གྱི་བྱེད་ཐབས་ཤིག་རེད”ཅེས་བཤད།

    མིག་སྔར“གཅིག་འཐུས་རྣམ་པའི”རོགས་ཁྲིད་ལས་དོན་ཚོགས་ཆུང་གིས་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་ཁོངས་གཏོགས་རྫོང(ཆུས)11གི་ཞིབ་དཔྱོད་ཁང་དུ“གཅིག་འཐུས་རྣམ་པའི”རོགས་ཁྲིད་བྱས་པ་དང་། ནག་ཆུ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་ཁོངས་གཏོགས་རྫོང(ཆུས)ཞིབ་དཔྱོད་ཁང་9དང་། མངའ་རིས་ཡན་ལག་ཞིབ་དཔྱོད་ཁང་དང་ཁོངས་གཏོགས་རྫོང་ཞིབ་དཔྱོད་ཁང་7 གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་ཁོངས་གཏོགས་རྫོང(ཆུས)ཞིབ་དཔྱོད་ཁང་3 ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་ཁོངས་གཏོགས་རྫོང(ཆུས)ཞིབ་དཔྱོད་ཁང་3སོགས་གྲོང་ཁྱེར(ས་ཁུལ)ཡན་ལག་ཞིབ་དཔྱོད་ཁང་5དང་གཞི་རིམ་ཞིབ་དཔྱོད་ཁང་33ལ“གཅིག་འཐུས་རྣམ་པའི”རོགས་ཁྲིད་བྱས་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་གྱོད་གཞིར་ལྟ་སྐུལ་བྱས་ཚད་དུས་མཚུངས་ལས་51.3%འཕར་བ་དང་། གྱོད་གཞིའི་སྤུས་ཚད་གདེང་འཇོག་གི་དམིགས་ཚད་ཁྲོད་ལས་སྒོ་གཙོ་བོའི་དམིགས་ཚད་ལེགས་སུ་དང་མཐོ་རུ་གཏོང་ཚད་75%ཟིན་པ། དམིགས་ཚད་16གི་སྟོང་ཆ་གསབ་པ། དམིགས་ཚད་18རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། རྗེས་ལུས་ཀྱི་དམིགས་ཚད་2021ལོའི་ལོ་མཇུག་གི་30ནས་15བར་ཉུང་དུ་བཏང་བ་བཅས་རེད། དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་རིགས་ཀྱི་ཞིབ་དཔྱོད་གྲོས་འགོ་བཟོས་པ་དེ་ལོ་གོང་མ་ལས་250%འཕར་ནས་ཞིབ་དཔྱོད་ལས་སྒོ་ཁག་ནས་ཕྱོགས་ཡོངས་དང་དོ་སྙོམས་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད་པ་རེད།

    ལས་བྱེད་ཉེན་རྟོག་པའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ།

    “གཞི་རིམ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱི་ལས་རོགས་དང་དྲུང་ཡིག་ཁ་ཤས་ལ་གྱོད་སྒྲིལ་ཡིག་ཆ་ལྟ་བའི་ཉམས་མྱོང་ཉུང་དམན་པས། གྱོད་སྒྲིལ་ཡིག་ཆ་རག་རྗེས་གང་ནས་འགོ་འཛུགས་དགོས་མིན་མི་ཤེས་པའི་གནས་སུ་ལྷུང་གི་ཡོད། དེས་ན་སྔོན་ལ་ཁོང་ཚོར‘གྱོད་སྒྲིལ་ཡིག་ཆ་ལྟ་བའི’དཀའ་གནད་དེ་སེལ་རོགས་བྱེད་དགོས” “གྱོད་གཞི་སྒྲུབ་གཉེར་བྱེད་མཁན་འགའ་ཞིག་ལ་དྲ་ཐོག་ནས་གྱོད་གཞི་སྒྲུབ་གཉེར་གྱི་འཇོན་ཐང་ཞན་པ་དང་། ཞིབ་དཔྱོད་ལས་སྒོའི་ཉེར་སྤྱོད་མ་ལག་2.0བཀོལ་སྤྱོད་བྱང་པོ་མེད་པས། ལས་སྒོའི་གྲངས་གཞི་ཕྱོགས་བསྡུས་བསྡོམས་རྩིས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་རང་སར་བཀོལ་སྤྱོད་ལ་མཛུབ་ཁྲིད་བྱེད་ཀྱི་ཡོད”ཅེས་བོད་སྐྱོར་ལས་བྱེད་པ་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་ལྔ་པའི་འགན་འཁུར་བ་སུན་ཡ་མིན་གྱིས“གྱོད་སྒྲིལ་ཡིག་ཆ”ལྟ་བར“ངེས་པར་དུ་ཞིབ་བཤེར་བཅུ”ཐུབ་པར་བྱེད་དགོས་པ་དང་། རང་སར་ཞིབ་བཤེར་བྱེད་པར“དམིགས་པ་དྲུག”ཐུབ་པར་བྱེད་དགོས། རོགས་ཁྲིད་ཚོགས་ཆུང་གིས་སྟབས་བསྟུན་སྣ་མང་གི་བྱེད་ཐབས་ལ་བརྟེན་ནས་རོགས་ཁྲིད་ཀྱི་ཕན་འབྲས་འགན་ལེན་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    གསོ་སྦྱོང་ལྷུ་ཚིགས་སུ་ལས་དོན་ཚོགས་ཆུང་གིས་རང་སར་དཀའ་གནད་སེལ་བ་དང་། འདྲི་ཤོག་སྤྲོད་པ། ཆེད་དོན་སློབ་ཁྲིད་བཅས་བྱེད་ཀྱི་ཡོད། རོགས་ཁྲིད་བྱེད་སའི་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པས་བཏོན་པའི་ཞིབ་ཕྲའི་དགོས་མཁོ་དང་། དོགས་གནད། དཀའ་གནད་བཅས་ལ་རང་སར་ལན་འདེབས་ཐུབ་ན་རང་སར་ལན་འདེབས་པ་དང་། གནས་སྐབས་ཐག་གཅོད་མི་ཐུབ་ན་ལས་བྱེད་ཉེན་རྟོག་པས་འདྲི་ཤོག་བྲིས་ཏེ། ལས་དོན་ཚོགས་ཆུང་གིས་རིགས་དབྱེ་ནས་ཕྱོགས་བསྡུས་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་ཆེད་ལས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ལ་ལན་རྒྱག་ཏུ་བཅུག་གི་ཡོད།

    གཞན་ཡང་། “སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་བཅས་མཉམ་ཞུགས་གསོ་སྦྱོང”ནི“གཅིག་འཐུས་རྣམ་པའི”རོགས་ཁྲིད་ཀྱི་བཀྲག་མདངས་འཚེར་ས་ཞིག་རེད།

    2022ལོའི་ཟླ་5པར། མངའ་རིས་ས་ཁུལ་སྒར་རྫོང་མི་དམངས་ཁྲིམས་ཁང་དང་། ཁྲིམས་འཛིན་ཅུས། སྤྱི་བདེ་ཅུས་བཅས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་གདན་ཞུས་ལྟར་ཞིབ་དཔྱོད་མི་སྣ་དང་མཉམ་དུ“གཅིག་འཐུས་རྣམ་པའི”རོགས་ཁྲིད་ཀྱི་མཉམ་ཞུགས་གསོ་སྦྱོང་བྱེད་སྒོར་ཞུགས་པ་རེད། “མཉམ་ཞུགས་གསོ་སྦྱོང”བྱེད་རིང་དཔེ་མཚོན་གྱོད་དཔེ་རེ་རེ་བཞིན་ལ་དབྱེ་ཞིབ་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པ་ལུང་འདྲེན་པ་ལས་ཁྲིམས་སྒྱུར་ཁྲིམས་འཛིན་སྡེ་ཚན་ཁག་གི་གྱོད་སྒྲུབ་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པར་ལྟ་སྐུལ་བྱ་ཡུལ་ཚན་པའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་ནས། གཞི་རིམ་ཁྲིམས་ཁང་གི་གྱོད་ཚགས་ལེན་དཀའ་བ་དང་། ལྟ་སྐུལ་བྱ་ཡུལ་ཚན་པས་གཞོགས་འདེགས་དང་ལྟ་སྐུལ་བྱེད་མི་འདོད་པ་སོགས་ཀྱི་གནད་དོན་སྔར་བས་ཐག་གཅོད་ཐུབ་ནས། གཞི་རིམ་ཁྲིམས་ཁང་གི་ལྟ་སྐུལ་གྱི་འགོག་རྐྱེན་དང་གནོན་ཤུགས་ཆུང་དུ་ཕྱིན་ཏེ་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པའི་འགན་འཁྲི་སྒྲུབ་རིང་གི་གདེང་ཚོད་དང་འགན་འཁྲིའི་བསམ་པ་དེ་བས་ཆེ་རུ་ཕྱིན་ཡོད།

    “‘གཅིག་འཐུས་རྣམ་པའི’རོགས་ཁྲིད་ལ་བརྟེན་པས་ཞིབ་དཔྱོད་མི་སྣས་ལྟ་སྐུལ་ཁྲིམས་སྲོལ་ལ་རྒྱུས་མངའ་ཡོང་བ་དང་། ལྟ་སྐུལ་གྱི་ཁུག་ཆ་མེད་པར་བཟོ་བ། ལྟ་སྐུལ་བྱེད་སྟངས་ཁོང་དུ་ཆུད་པ། དེ་སྔོན་ལྟ་སྐུལ་གང་ནས་བྱེད་དགོས་མིན་མ་ཤེས་པའི་དཀའ་གནད་ཐག་གཅོད་ཐུབ་པ། ལྟ་སྐུལ་གྱི་ནུས་པ་ཆེ་རུ་ཕྱིན་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་གསུམ་པའི་ཀྲུའུ་རེན་དཀོན་མཆོག་ལྷ་མཚོས་བཤད།

    གནད་འཁེལ་རྩ་བརྟག་དང་རྣག་ཐོག་གཙག་འཁེལ་བྱས་ཚེ་གཞི་ནས་ནད་གཞི་བཅོས་ཐུབ། “གཅིག་འཐུས་རྣམ་པའི”རོགས་ཁྲིད་ཀྱིས“གསོ་སྦྱོང་དང་ལག་ལེན”ཟུང་འབྲེལ་བྱས་ནས་ལས་བྱེད་ཉེན་རྟོག་པའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་ལག་ལེན་གྱི་འཇོན་ཐང་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པ་སྐལ་བཟང་ཆོས་མཚོས“གཅིག་འཐུས་རྣམ་པའི”རོགས་ཁྲིད་བྱས་རྗེས“ད་ཐེངས་ཀྱི་རོགས་ཁྲིད་བྱེད་སྟངས་འདི་དངོས་འབྲེལ་དོན་སྙིང་ལྡན་པ་ཞིག་འདུག རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སྦྱངས་པ་གོ་ཆོད་པ་དང་ལག་ལེན་བཀོལ་སྤྱོད་ཀྱི་མཛུབ་ཁྲིད་ཀྱི་ཕན་འབྲས་མིག་མཐོང་ལག་ཟིན་ཐུབ་པ་ཞིག་འདུག”ཅེས་གྲོགས་ཚོམ་ནང་བསྐུར་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“གཅིག་འཐུས་རྣམ་པའི”རོགས་ཁྲིད་ལས་དོན་སྤེལ་ཚུན་གཞི་རིམ་གྱི་ཞིབ་དཔྱོད་མི་སྣ་མི་ཐེངས་350ལྷག་ཙམ་ལ་རོགས་ཁྲིད་དང་ཟུར་ཁྲིད་བྱས་ཡོད།

    དྲང་གཞག་དྲང་བདེན་དངོས་འབྲེལ་ཚོར་བར་བྱེད་པ།

    2022ལོའི་ཟླ་5ཚེས་27ཉིན། ལས་དོན་ཚོགས་ཆུང་གིས་མངའ་རིས་ས་ཁུལ་སྒར་རྫོང་དུ“གཅིག་འཐུས་རྣམ་པའི”རོགས་ཁྲིད་བྱས་པ་དང་། “གཞི་རིམ་དང་དམག་སྒར་དུ་ཁྲིམས་ལུགས་དྲིལ་བསྒྲགས”བྱེད་སྒོ་སྤེལ་སྐབས་སྒར་རྫོང་མཐའ་སྲུང་ལན་ཤོག་ཅིག་གིས་ལན་ཤོག་དེའི་དམག་མི་རོན་ཆེ་གེ་མོས་ཕ་ཡུལ་ཀོང་ཏུང་ཀྲན་ཅང་དུ་ཁང་པ་ཉོས་པ་དང་། ཉོས་པའི་ཁང་པ་ཞུ་གཏུག་དང་འབྲེལ་བ་ཡོད་པའི་དབང་གིས་རྒྱུ་དངོས་ཚང་མ་སྟོངས་ནས་ཁྱིམ་ཚང་གི་དཔལ་འབྱོར་ཁ་ཐང་པོར་གྱུར།

    “རོན་ཆེ་གེ་མོ་མཐའ་སྲུང་འཐབ་འཛིང་པ་ཞིག་ཡིན་པའི་ངོས་ནས་ལོ་འཁོར་མོར་མཐའ་སྲུང་སོ་ལྟ་ཁང་དུ་ལས་རེས་བྱེད་དགོས་ཀྱི་ཡོད་པས་ཁེ་དབང་སྲུང་སྐྱོང་གི་གནད་དོན་ལ་དངངས་འཚབ་ཆེན་པོ་སྐྱེས་ཀྱང་ག་བྱེད་འདི་བྱེད་མེད་པར་གྱུར”ལས་དོན་ཚོགས་ཆུང་གིས་འཕྲལ་མར་གནས་ཚུལ་དེ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ལ་སྙན་སེང་ཞུས། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་གཙོ་བོས་འཕྲལ་མར་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་གིས་གོ་རིམ་ལྟར་མཉམ་འབྲེལ་ཐོག་ཁྲིམས་འཛིན་རོགས་སྐྱོབ་ཀྱི་བརྒྱུད་རིམ་ལག་བསྟར་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།

    དེ་རྗེས་རང་སྐྱོང་ལྗོངས་རིམ་གསུམ་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་གྱོད་སྒྲུབ་ཚོགས་ཆུང་བཙུགས་ནས་ཀོང་ཏུང་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་རོན་ཆེ་གེ་མོའི་ས་ཁང་བདག་ཁོངས་མངགས་ཉོའི་ཞུ་གཏུག་དང་འབྲེལ་བ་ཡོད་པའི་གནས་ཚུལ་དང་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་སོགས་ཀྱི་དཔང་རྟགས་ཕྱོགས་ཡོངས་ནས་བསྡུ་ལེན་བྱས་པ་དང་ཆབས་ཅིག ཞིབ་བཤེར་ཡང་བྱས་ནས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་རོགས་སྐྱོབ་མ་དངུལ་མགྱོགས་མྱུར་དོན་འཁྱོལ་བྱས་པ་རེད།

    ལོ་དེའི་ཟླ་6ཚེས་29ཉིན། རང་སྐྱོང་ལྗོངས་རིམ་གསུམ་ཞིབ་དཔྱོད་ཁང་གིས་རོན་ཆེ་གེ་མོར་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་ཁྲི་13སྤྲད་པ་རེད། མཐའ་སྲུང་ལན་ཤོག་གི་དཔོན་དམག་ཡོངས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་འཛིན་རོགས་སྐྱོབ་བྱས་ནས་མཐའ་མཚམས་ཡུལ་མི་དང་མཐའ་སྲུང་དམག་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་བྱེད་སྟངས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་མ་ཟད། “ཞིབ་དཔྱོད་ཀྱིས་མཐའ་སྲུང་ལན་ཤོག་ལ་བརྩེ་སེམས་བཅངས། ཁྲིམས་འཛིན་རོགས་སྐྱོབ་ཀྱིས་འགན་འཁྲི་ལྕི་པོ་འཁུར”ཞེས་བྲིས་པའི་གོས་དར་ཞིག་ཀྱང་ཞིབ་དཔྱོད་ལས་ཁུངས་ལ་སྤྲད།

    2022ལོའི་ཟླ་5ཚེས་19ཉིན། ལས་དོན་ཚོགས་ཆུང་གིས་མཚོ་ཆེན་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ“གཅིག་འཐུས་རྣམ་པའི”རོགས་ཁྲིད་བྱས་པ་དང་། ཞིབ་དཔྱོད་ཁང་དེས་ཞིབ་བཤེར་ཞུ་གཏུག་བྱེད་བཞིན་པའི་འགྲིམ་འགྲུལ་ཆག་སྒོའི་ཉེས་དོན་ཉེས་གསོག་གི་གྱོད་སྒྲིལ་ཡིག་ཆ་ཞིག་ལྟ་སྐབས། གྱོད་གཞི་དེའི་གནོད་འཚེ་ཕོག་མཁན་གྱི་ནང་མི་ལི་ཆེ་གེ་མོ་དང་སུའུ་ཆེ་གེ་མོའི་གནས་ཚུལ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པ་ཤེས་ནས་ཞིབ་དཔྱོད་ཁང་དེས་འཕྲལ་དུ་ཁྲིམས་འཛིན་རོགས་སྐྱོབ་ཀྱི་གོ་རིམ་བརྒྱུད་དགོས་པའི་གྲོས་འགོ་བཏོན་པ་རེད།

    གྱོད་དོན་འདིའི་རེ་འདུན་ཞུ་མཁན་གཉིས་ཀྱི་སྡོད་ས་ཀན་སུའུ་ཞིང་ཆེན་འབྲུག་ཆུ་རྫོང་དང་ཡུན་ནན་ཞིང་ཆེན་ཉིང་ལང་རྫོང་དུ་ཡིན་པ་རེད། ཁྲིམས་འཛིན་རོགས་སྐྱོབ་ཀྱི་བརྒྱུད་རིམ་ལག་བསྟར་བྱས་རྗེས་ཀན་སུའུ་དང་ཡུན་ནན་ས་གནས་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལི་ཆེ་གེ་མོར་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་53034སྤྲད་པ་དང་། སུའུ་ཆེ་གེ་མོར་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་70712སྤྲད་པ་རེད།

    ས་ཆ་གཞན་དུ་ཁྲིམས་འཛིན་རོགས་སྐྱོབ་བྱས་པའི་གྱོད་གཞི་ལས་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་གྱོད་སྒྲུབ་ནུས་པ་གང་ལེགས་མཚོན་ཡོད།

    “བོད་ཀྱི་ཞིབ་དཔྱོད་ལས་དོན་དང་དུས་རབས་གསར་པའི་ཏང་དང་མི་དམངས་ཀྱི་དེ་བས་མཐོ་བའི་བླང་བྱ་དང་། ‘འཛུགས་གཏོད་བཞི’དང‘མདུན་གྲལ་དུ་སླེབས་པ་བཞིའི’དེ་བས་ཆེ་བའི་དགོས་མཁོ་དང་བསྡུར་བ་བྱེད་སྐབས་འགན་སྒྲུབ་གང་ལེགས་མ་བྱུང་བ་དང་ཞབས་ཞུ་འགན་ལེན་གྱི་སྤུས་ཚད་དང་ཕན་འབྲས་ཡག་པོ་དེ་ཙམ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པ་གསལ་པོར་ཤེས་དགོས”ཞེས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་གྱིས་གསུངས་པ་དང་། ཁོང་གིས། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་གྱི་བླང་བྱ་བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་ཞིབ་ཕྲའི་ལག་ལེན་དུ་ཏན་ཏིག་བསྒྱུར་ནས་བློ་དཀར་སེམས་དཀར་དང་། ཁྲིམས་ལྟར། རང་སྟོབས། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་མཐུན་སྦྱོར་དང་འགན་འཁྲི་གང་ལེགས་ཁུར་ཏེ། བོད་ཀྱི་ཞིབ་དཔྱོད་ལས་དོན་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།