ལན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་སྤྱིའི་རྩ་འཛིན་གྱི་རང་བྱུང་དུམ་བུ་སོ་གཅིག་པའི་ནང“ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བའི”ནང་དོན་བསྣན་ཡོད། ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་ལས་སྒྲིག་སྲོལ་བཞིན་ཏང་སྐྱོང་བའི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་སྔར་བས་གསལ་བཤད་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་སྒྲིག་སྲོལ་བཞིན་ཏང་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད། དེར་རྒྱང་ལམ་གསར་པར་སྒྲིག་སྲོལ་བཞིན་ཏང་སྐྱོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
དང་པོ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་འཐུས་ཚང་ཡོང་བར་བྱེད་པ་ནི་སྒྲིག་སྲོལ་བཞིན་ཏང་སྐྱོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་བར་ངེས་པར་དུ་ནན་པོ་བྱེད་དགོས་ལ། ནན་པོ་བྱེད་དུས་ངེས་པར་དུ་ཁྲིམས་ཀྱི་ཚད་གཞིར་འཛིན་དགོས། “ཁྲིམས་ཚད”འདི་ནི་གཙོ་བོ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཙོ་འཛིན་དུ་བྱས་པའི་ཏང་གི་ལམ་ལུགས་རེད། ཏང་གི་འགོ་ཁྲིད་རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག ལྷུ་ཚིགས་ཁག་བཅས་སུ་དོན་འཁྱོལ་ཏན་ཏིག་ཡོང་བར་བྱས་ཏེ་ཏང་གི་ཕྱོགས་ཁག་གི་འཛུགས་སྐྱོང་ནང་ཏང་གི་ལམ་ལུགས་འཛུགས་སྐྱོང་ཁྱབ་པར་བྱེད་དགོས་ཤིང་། ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཡོང་བར་བྱེད་པར་ངེས་པར་དུ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་བསྐྲུན་དགོས། ལམ་ལུགས་འཛུགས་སྐྱོང་གི་སྤྱིར་བཏང་ཆོས་ཉིད་ནས་བལྟས་ན། ལམ་ལུགས་འཛུགས་སྐྱོང་འཕེལ་རྒྱས་ཀྱི་དུས་མཚམས་ངེས་ཅན་ཞིག་ཏུ་སླེབས་དུས་མ་ལག་ཅན་གྱི་དམིགས་ཚད་འདོན་གྱི་ཡོད། དེ་ནི་ལམ་ལུགས་འཛུགས་སྐྱོང་གི་ཚན་རིག་རང་བཞིན་དང་། བརྒྱུད་རིམ་རང་བཞིན། ཁྱབ་མཉམ་རང་བཞིན་བཅས་ཀྱི་ནང་གནས་བླང་བྱ་ཞིག་ཡིན་ལ། ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་དེ་བས་གཏན་འཁེལ་བྱུང་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་འཛུགས་པའི་ལོ་བརྒྱའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ནས་བལྟས་ན། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་འཛུགས་པ་ནི་སྙིང་རུས་གཏན་འཁྱོངས་དང་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཞིག་རེད། རང་རེའི་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ལ་འགོ་ཁྲིད་ཀྱི་དགོས་མཁོ་དང་འཚམ་པར་བྱ་ཆེད། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་མེད་པ་ནས་ཡོད་པ་དང་། ཉུང་བ་ནས་མང་བ། གནས་ནས་ཁྱོན། ཁྱོན་ནས་སྤྱི་བཅས་སུ་ཟམ་མི་ཆད་པར་གསོག་འཇོག་དང་སྟོབས་ཆེར་ཕྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་། སྒྲིག་སྲོལ་བཞིན་ཏང་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་སྐབས་སུ་ཅུང་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་གྲུབ་པའི་དམིགས་ཚད་ཁ་གསལ་བཏོན་གནང་བ་དང་འབྲེལ། ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་གནང་ནས་སྤྱི་འདོམས་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་བ་དང་རྩེ་རིམ་ཇུས་འགོད་ལ་མཐོང་ཆེན་གྱིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་བསྐྲུན་པར་འཕེལ་རྒྱས་གལ་ཆེན་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་བཏང་ཡོད།
གཉིས་པ། རང་རེའི་ཏང་ལ་ཅུང་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཆགས་ཡོད། 2021ལོའི་ཟླ་7ཚེས་1ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག རང་རེའི་ཏང་ལ“ཅུང་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཆགས་ཡོད”ཅེས་ཁྱབ་བསྒྲགས་གནང་ཡོད། ལམ་ལུགས་འཛུགས་སྐྱོང་གི་གྲུབ་འབྲས་དེ་ལས་སླ་པོར་ཐོབ་པ་ཞིག་མིན་པར་རང་རེའི་ཏང་གིས་ལོ་བརྒྱའི་རིང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བའི་འབྲས་བུ་ཞིག་ཡིན་ལ། ཏང་འཛུགས་སྐྱོང་གི་ལོ་རྒྱུས་དང་ལྷག་པར་དུ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་ཡིན་པ་དེ་ཐོག་ནས་རང་རེའི་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་སྲིད་འཛིན་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྒྲིག་ལམ་དང་སྒྲིག་སྲོལ་གྱི་གཞི་འཛིན་ས་ཡོད་ལུགས་མཚོན་ཡོད། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ནུས་ལྡན་ཁག་4000ཙམ་ལས་གྲུབ་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཁྲོད་ཏང་གི་སྒྲིག་ཡིག་གིས་སྤྱི་འདོམས་ཀྱི་གནས་བབ་བཟུང་ཞིང་། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་ལ་ཁྱབ་པའི་གཞི་རྩའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཙོ་བོ་སྤྱིར་ན་ཆ་ཚང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཁག་ཀྱང་ཅུང་ཆ་ཚང་ལ། ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་ལེ་ལག་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཅུང་འཐུས་སྒོ་ཚང་བས། མ་ལག་ནང་ཁུལ་དུ་སྤྱིར་ན་ནང་དོན་ཚན་རིག་དང་མཐུན་པ་དང་མཐུན་སྦྱོར་གཅིག་གྱུར་ཐུབ་ཡོད། མ་ལག་འདི་ཆགས་པ་ལས་ཏང་ཡོངས་མཐུན་སྒྲིལ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་པ་དང་། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྨང་གཞིའི་རང་བཞིན་ལྡན་པའི་ལམ་ལུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། འཛམ་གླིང་ཡོངས་ལ་བལྟས་ཚེ། རང་རེའི་ཏང་ལྟར་དམ་ལ་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་མ་ལག་ཡོད་པའི་སྲིད་ཏང་ཞིག་མེད། དེ་ནི་རང་རེའི་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་དམིགས་བསལ་གྱི་ལེགས་ཆ་ཆེན་པོ་ཞིག་དང་། “ཀྲུང་གོའི་སྐྱོང་ལུགས”ཀྱི་བཅོས་སྐྱོང་གསང་རྟགས་དམིགས་བསལ་ཞིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་མངོན་པའི་གསེར་མདོག་གི་མིང་བྱང་ཞིག་བཅས་ཡིན་ལ། འཛམ་གླིང་གི་སྲིད་ཏང་བཅོས་སྐྱོང་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞིའི་ལེགས་སྐྱེས་ཀྱང་ཕུལ་ཡོད།
གསུམ་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ངེས་པར་དུ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད་ལ། སྒྲིག་སྲོལ་ལྟར་ཏང་སྐྱོང་བར་ཡང་ནམ་ཡང་ཚར་དུས་མེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་འཛུགས་སྐྱོང་དང་ཏང་གི་བྱ་གཞག་སྔར་བས་གོང་འཕེལ་ཡོང་བར། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་འཛུགས་སྐྱོང་ལ་ངེས་པར་དུ་དུས་བསྟུན་འཕེལ་རྒྱས་དང་སྒྱུར་བཅོས་གསར་གཏོད་བྱེད་དགོས། ཏང་གི་ལོ་བརྒྱའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་གང་ལེགས་བྱས་ཏེ་དུས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་འཚམ་པར་བྱེད་པ་དང་། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་དང་ཏང་གི་ཡུན་རིང་སྲིད་འཛིན་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པའི་ཐད་ཀྱི་ནུས་པ་གལ་ཆེན་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ལམ་ལུགས་བརྟན་པོས་འགན་ལེན་བྱེད་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྒྲིག་ཡིག་གཙོ་བོར་འཛིན་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལྟེ་བར་འཛིན་པ། འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་གྲུབ་རྒྱུ་དམིགས་ཚད་དུ་འཛིན་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམ་པོར་དམིགས་པ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལམ་ལུགས་སྔར་བས་འཐུས་ཚང་བཟོ་བ། ཏང་གིས་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་མཐོར་གཏོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་སྲིད་འཛིན་རྒྱལ་སྐྱོང་བྱེད་པའི་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།