ཚེས་6ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་དགུན་དུས་རྣམ་གྲངས་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་དགུན་དུས་རྣམ་གྲངས་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་རར་སྐད་གྲགས་ཆོད་འགོ་ཚུགས་ཤིང་། མིག་སྔའི་བར་རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་རར་བོད་ཀྱི་དགུན་དུས་རྣམ་གྲངས་ལ་གསེར་གྱི་རྟགས་མ་53དང་། དངུལ་གྱི་རྟགས་མ་43 ཟངས་ཀྱི་རྟགས་མ་59བཅས་ཐོབ་པ་རེད།
བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཉི་མ་ཚེ་རིང་གིས་དགུན་དུས་རྣམ་གྲངས་ནི་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་དགུན་དུས་རྣམ་གྲངས་ལས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་མངོན་ནས་བོད་ཀྱི་ལུས་རྩལ་པ་སྔ་ཙམ་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་སྟེགས་བུའི་ཐོག་ལངས་ཐུབ་པའི་ཆོད་སེམས་དང་གདེང་ཚོད་སྔར་བས་བརྟན་དུ་ཕྱིན་ཡོད། བོད་ཀྱི་དགུན་དུས་རྣམ་གྲངས་ཀྱི་ལུས་རྩལ་པར་ཕུལ་བྱུང་གྲུབ་འབྲས་ཐོབ་པ་ལས་དུས་རབས་གསར་པའི་ཀྲུང་ཧྭའི་ལུས་རྩལ་པས་འགྲན་སློང་བྱེད་ཕོད་པ་དང་། ཕུལ་བྱུང་བརྩོན་ལེན། དཔའ་ངར་ཆེར་བསྐྱེད་བཅས་ཀྱི་ཉམས་འགྱུར་མངོན་ཡོད་ལ། ཁོང་ཚོས་མེས་རྒྱལ་ལ་གཟི་བརྗིད་བརྩོན་ལེན་དང་། བོད་ལ་ལེགས་སྐྱེས་འབུལ་བ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགོས་ངེས་ཀྱི་སྟོབས་ཤུགས་ཕུལ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་ཚེ་རིང་དགྲ་འདུལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བྱེས་བགྲོད་གངས་ཤུད་འགྲན་བསྡུར་ནང་ཞུགས་ནས་བོད་ཀྱི་རྩལ་འགྲན་ལུས་རྩལ་གྱི་ལོ་རྒྱུས་བཏོད་པ་དང་། དབྱངས་ཅན་ལྷ་མོ་དང་ཉི་མ་དབྱངས་ཅན་སོ་སོར་2022ལོ་ནས་2023ལོའི་འགྲན་དུས་ཀྱི་རྒྱལ་ཡོངས་ཀྱི་ཡ་པང་གངས་ཤུད་ཀྱི་འགག་འདེད་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་གཉིས་པ་དང་། མཐའ་བསྡུར་ནང་ཨང་གཉིས་པ་ཐོབ་པ་དང་། 2023ལོའི་རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་གཡུ་སྒྲོན་ལྷ་མོར་བུད་མེད་ཚོགས་ཆུང་གི་U20ཐག་ཐུང་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་དང་ཚེ་བརྟན་གཡུ་སྒྲོན་ལ་བུད་མེད་ཚོགས་ཆུང་གི་U18ཐད་མྱུར་འགྲན་བསྡུར་དང་མི་སྒེར་གྱི་བྱེས་བགྲོད་འགྲན་བསྡུར་གྱི་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་ཐོབ་པ་རེད། 2023ལོའི་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་གི་མཐའ་བསྡུར་ནང་རང་ལྗོངས་ཀྱི་གངས་ཤུད་ལུས་རྩལ་པར་གསེར་གྱི་རྟགས་མ་4དང་། དངུལ་གྱི་རྟགས་མ་4 ཟངས་ཀྱི་རྟགས་མ་5བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་བླངས་ཡོད། བོད་ཀྱི་དགུན་དུས་རྣམ་གྲངས་ཀྱི་ཕུལ་བྱུང་ལུས་རྩལ་པ་སྐྱེ་སྟོབས་ཀྱི་དཔལ་འབར་ནས་འཚར་ལོངས་བྱུང་སྟེ་འགྲན་ར་ཁག་ཏུ་རྒྱུན་མཐུད་ངང་ཐོན་བཞིན་ཡོད་པ་རེད།