སྤྱི་ཟླ་བཞི་པའི་ཟླ་སྨད་དེ། དཔྱིད་མཐའ་མའི་དྲོད་རླངས་སྲབ་མོ་ཞིག་དབུས་གཞུང་ལྷ་སའི་མཁའ་དབྱིངས་དང་ལྷོ་བྱང་གི་རི་བོའི་མགུལ་ལ་ཡང་ཡང་འཁྲིགས།
ཁོར་ར་ཁོར་ཡུག་གི་སྐྱེད་མོས་ཚལ་དུ་རྣམ་པར་བཀྲ་བའི་རྩི་ཤིང་མེ་ཏོག་གི་འཛུམ་ཞལ་ལྷུག་པོར་ངོམ་ཞིང་། སྐྱིད་ཤོད་གྲོག་ཆུ་ཕྲ་མོ་ནི་ཆུ་རླབས་ཤིག་ཤིག་ངང་ཤར་ནས་ནུབ་ཏུ་ལྷུང་ལྷུང་དུ་བཞུར། བྱ་གག་དང་། སྐྱར་མོ། ངང་པ་སོགས་ཁྱུ་དང་ཁྱུ་བྱས་ནས་ཆུ་མོའི་མཁའ་རུ་གཤོག་རྩལ་ངོམ་བཞིན་མཆིས།
མི་ལོ་གཅིག་གི་དུས་ཚིགས་ཉེར་བཞི་ལས། སྤྱི་ལ་འབྲུ་ཆར་གྱི་ནམ་ཟླ་འཆར་བའི་ཉིན་མོར། ལྷ་ས་གྲོང་ཁྱེར་སྔོ་འགྱུར་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་དང་ཚན་པ་ཁག་གི་ལས་དོན་པ་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བསམ་གྲུབ་གླིང་གྲོང་ཚོའི་ས་ཁོངས་སུ་འབྱོར་ཞིང་། ཡུལ་ལུང་དེ་གའི་ལྷོ་རི་ནི་ད་ལོའི་འོས་འགན་ཤིང་འཛུགས་ནགས་བཟོའི་ཁུལ་ཞིག་རེད།
ཞོགས་པའི་ཆུ་ཚོད་བཅུ་པར། ལྗོན་ཤིང་འཛུགས་མཁན་སྟོང་ཕྲག་ཙམ་གྱིས་ལས་ཡུལ་དུ་སླེབས་མ་ཐག་བཞད་གད་ལྷང་ལྷང་དང་བསྡེབས་ནས་འགའ་རེས་ཤིང་སོན་དབོར་བ་དང་འགའ་རེས་ལྕང་ཆུ་འདྲེན་པ། ལ་ལས་ལྕང་ཁུང་དུ་ཤིང་སོན་འདྲོང་པོར་བཟུང་ཞིང་ལ་ལས་དེ་ལ་ས་རྒྱུ་སྣོན་པ་སོགས་ཚ་ཚ་འུར་འུར་དང་ང་ཤོར་ཁོ་ཤོར་གྱིས་ཤིང་འཛུགས་ལས་ལ་ཞུགས་པས་དེ་ག་ནས་ངལ་རྩོལ་གྱི་རྣམ་པ་འཁྲུག་པོ་ཞིག་མིག་ལམ་དུ་མངོན་འོང་།
“མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་འབྱུང་འཕྲོད་གོང་འཕེལ་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གལ་ཆེན་ཞིག་རེད” ད་ལོའི་སྤྱི་ཟླ་བཞི་པའི་ཚེས་4ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ནན་བཤད་དེ་ལྟར་གནང་ཞིང་། དེ་ལས་འབྱུང་འཕྲོད་གོང་འཕེལ་གྱི་ཁྲོད་དུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་བྱེད་པའི་དགོངས་པ་རླབས་ཆེན་ཞིག་ཤུགས་ལ་རྟོགས་འོང་།
ད་ལོའི་སྤྱི་ཟླ་4ཚེས་6ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། བོད་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། འབད་བརྩོན་ཆེན་པོས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
དཔྱིད་དཔལ་གྱི་ཉམས་སྣང་ས་མཐོའི་ཡུལ་ལུང་གང་སར་ཁྱབ། སྐབས་ལ་ལར་མཚར་སྡུག་གི་མེ་ཏོག་སོས་པའི་དགོས་པ་ཅི་ལ་མཆིས་ཏེ། སྔོ་ལྗང་གི་ཚོས་སྣ་གཅིག་པུས་ཆེས་མཛེས་པའི་ས་གཞིར་ཕྲ་རྒྱན་བཏབ་ཐུབ།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཕྱོགས་བསྡུས་གཞུང་ལས་ཁང་གི་འོས་འགན་ཤིང་འཛུགས་བྱེད་སྒོའི་འགན་འཁུར་བ་ལྷག་རྒྱལ་གྱིས་གསར་འགོད་པར། དེ་རིང་ང་ཚོའི་ལས་ཁུངས་ཀྱི་ཚན་པ་མི་འདྲ་བ་ཡོངས་ནས་ཁྱོན་མི་གྲངས་བཞི་བཅུ་ལྷག་ཙམ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད་པ་དང་། ངལ་རྩོལ་ལ་ཞུགས་མཁན་ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་ནགས་ལས་སྡེ་ཚན་གྱི་མཁོ་འདོན་བྱས་པའི་ཐང་མ་སྒྲོན་ཤིང་དང་རྒྱལ་རྩེའི་སྟར་བུ་སོགས་སྡོང་རྐང་ཉིས་བརྒྱ་མ་ཟིན་ཙམ་ཞིག་བཏབ་པ་ཡིན་ཞེས་བརྗོད།
གསར་འགོད་པས་འབྲེལ་ཡོད་ཁུངས་བཙན་ཆ་འཕྲིན་ལས་ཤེས་རྟོགས་བྱུང་གསལ། འདས་མ་ཐག་པའི་ལོ་གཅིག་རིང་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་འདུ་འགོད་ལ་སྐུལ་སྤེལ་བཏང་བ་བརྒྱུད། བོད་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་དངོས་ཡོད་རང་བཞིན་གྱི་གོམ་སྟབས་སྤོས་ཡོད་དེ། འདས་ཟིན་པའི་ལོ་གཅིག་རིང་ཁྱོན་སྔོ་འགྱུར་བྱེད་ཚད་རྒྱ་ཁྱོན་མུའུ་ཁྲི་206.72ཟིན་པའི་ཁྱབ་ཁོངས་སུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྣེའུ། སྟོད་ལུང་བདེ་ཆེན། སྟག་རྩེ། ཆུ་ཤུར། མལ་གྲོ་གུང་དཀར། འཕན་པོ་ལྷུན་གྲུབ། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ། གོང་དཀར་བཅས་རྫོང་ཆུས་9ཡི་ཤང་གྲོང་རྡལ་35ཚུད་ཡོད།
2022ལོར་རང་ལྗོངས་ཀྱི་ནགས་བཟོ་སྔོ་འགྱུར་ལ་མ་དངུལ་སྒོར་དུང་ཕྱུར་13.7བཏང་ཡོད་པས། ནགས་བཟོ་བྱེད་ཚད་མུའུ་ཁྲི་14ཙམ་མངོན་འགྱུར་བྱུང་བ་དང་། ཤིང་སོན་གསོན་ཚད་བརྒྱ་ཆ་70ཡན་ཟིན་ཏེ། མིག་སྔའི་བར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་ལས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་5.9བྱུང་ཡོད་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། དེ་བས་བོད་ཀྱི་འབྱུང་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། འབྱུང་ཁམས་དེ་བོད་ཀྱི“དོན་ཆེན་བཞི”ཡི་ནང་དོན་གལ་ཆེན་དུ་བཞག་ཡོད་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཐད་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་། སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
ལྷ་ས་སྐྱིད་ཆུའི་ངོགས་སུ་དཔྱིད་ཀྱི་དྲོད་རླུང་ཡང་ནས་ཡང་དུ་ལྡང་། ཉིན་ཤས་རིང་གསར་འགོད་པ་ལྷ་ས་གྲོང་ཁྱེར་གྱི་ཆུ་ཤུར་རྫོང་དང་། སྟོད་ལུང་བདེ་ཆེན་ཆུས། འཕན་པོ་ལྷུན་གྲུབ་རྫོང་སོགས་ཀྱི་གྲོང་གསེབ་ཏུ་གསར་འགྱུར་བཅར་འདྲིར་སྐྱོད་སྐབས། དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ཟོར་ཡང་བའི་ངལ་ནུས་ལྷག་མ་འཕོན་ཆེན་ཞིག་ཧུར་བརྩོན་ཆེན་པོས་ལྷ་སའི་ལྷོ་བྱང་རི་བོའི་ཤིང་འཛུགས་ངལ་རྩོལ་ལ་ཞུགས་པ་ཤེས་རྟོགས་བྱུང་། མུའུ་ཁྲི་ཚོ་20ཡན་གྱི་ད་ལོའི་ཤིང་འཛུགས་ནགས་བཟོའི་དམིགས་ཚད་ལས་འགན་མངོན་འགྱུར་བྱས་ནས། ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རི་སྔོ་ལྗང་གིས་བརྒྱན་པ་དང་། དྭངས་གཙང་ཆུ་མོས་གནའ་གྲོང་བསྐོར་བའི་འབྱུང་འཕྲོད་ལྡན་པའི་ས་མཐོའི་ལྟེ་བའི་གྲོང་ཁྱེར་ཞིག་བསྐྲུན་ཆེད། མི་རིགས་ཁག་གི་མི་དམངས་ཀྱིས་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་ཡུལ་བབ་ལ་བསྟུན་ནས་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་སྔོ་ལྗང་ལྗོན་ཤིང་གི་སྟར་ཕྲེང་ཚོམ་བུ་དང་ཚོམ་བུ་རི་བོའི་ལྡེབས་ལ་ཁྱབ་པར་བྱེད་བཞིན་མཆིས།
ལྗོན་ཤིང་སྐྱེ་འཚར་བཟང་བའི་ལྷ་སའི་ལྷོ་རི་ནས་བླངས་པའི་ཕོ་བྲང་པོ་ཏ་ལའི་པར་ཡིན་པ།
རང་སྐྱོང་ལྗོངས་ཐད་གཏོགས་ཚན་པའི་མི་གྲངས་སྟོང་ཕྲག་ཚ་ཚ་འུར་འུར་གྱིས་ཤིང་འཛུགས་ལས་ལ་བྲེལ་བཞིན་པ།
ལྷོ་རིའི་སྤྱི་གླིང་གི་ཟུར་ཞིག་ཡིན་པ།
ད་ལོའི་ཤིང་འཛུགས་བྱ་ཡུལ་སྟག་རྩེ་ཆུས་བསམ་གྲུབ་གླིང་གྲོང་ཚོའི་མངའ་ཁོངས་ཡིན་པ།