ས་མཐོར་དཔྱིད་ཀ་ཤར། མི་རྣམས་ལས་ལ་བྲེལ།
ཉེ་ཆར། ལྷ་ས་སྐྱིད་ཆུའི་རྒྱུད་ཀྱི་ཁྱད་ལྡན་བར་སྟོང་གསར་སྤེལ་རྣམ་གྲངས་ཀྱི་གཙང་འགྲམ་ལམ་གྱི་གྲོང་ཁྱེར་དོ་དམ་ལས་གྲྭའི་ལམ་ཐིག་སྒྲོལ་བའི་ཟམ་གདན་བདེ་བླག་ངང་བཏིང་པ་རེད། ཟམ་པ་དེ་ལྷ་ས་སྐྱིད་ཆུའི་བྱང་ངོགས་ཀྱི་གཙང་འགྲམ་ལམ་ནས་གཙང་རལ་ཟམ་ཆེན་སྒྲོལ་བའི་གཞོགས་བྱང་གི་ལམ་མདོར་གནས་པ་དང་། རིང་ཚད་ཧྲིལ་པོར་སྨི་605ཡོད་པ། འཆར་འགོད་ཞེང་ཚད་སྨི་16ཡིན་པ། ཕྱོགས་གཉིས་སུ་འཁོར་ལམ་4ཡོད། མིག་སྔར་ཨར་ལས་ཚན་པས་ལས་དུས་འཕར་མ་བྱས་ཏེ་རླངས་འཁོར་གང་མགྱོགས་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་ཅིང་། འདི་ནི་སྐྲུན་བཞིན་པའི་གཙང་འགྲམ་ལམ་གྱི་གྲོང་ཁྱེར་དོ་དམ་ལས་གྲྭའི་ལམ་ཐིག་སྒྲོལ་བའི་ཟམ་པ་ཡིན་པ།
གངས་ལྗོངས་ས་མཐོར་དཔྱིད་ཀ་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་ནས་དྲོ་འཇམ་ཉི་འོད་རབ་ཏུ་འཕྲོ།
གཙོ་ཆེའི་རྣམ་གྲངས་སྐྲུན་ཡུལ་གང་སར་ཚ་ཚ་འུར་འུར་ངང་ལས་ཀ་བྱས་ནས་མ་འཇོག་ལ་བརྟེན་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་དང་། ཡུལ་སྐོར་བ་མང་པོ་ས་མཐོར་ཡུལ་སྐོར་དུ་སླེབས་པས་ཡུལ་སྐོར་ཁྲོམ་རར་མགྲོན་ཁང་དཀོན་པའི་སྣང་ཚུལ་སླར་ཡང་ཐོན་པ། མང་ཚོགས་ཚོ་ཞིང་ཁ་དང་མུ་ཁར་ལས་ལ་བྲེལ་ཞིང་ཁྱད་ལྡན་ཞིང་འབྲོག་ལས་ལ་དཔྱིད་ཀྱི་རེ་བའི་ས་བོན་འདེབས་པ་སོགས་བོད་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ཧུར་ཐག་གཏོད་པའི་བརྒྱུད་རིམ་ཁྲོད་ཕྱོགས་མང་པོའི་འཕེལ་རྒྱས་ལ་རྣམ་པ་གསར་པ་མངོན་ཡོད་པ་གསར་འགོད་པས་རྟོགས་བྱུང་།
རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས་ཡུལ་སྐོར་ཁྲོམ་ར་སླར་ཡང་འཁྲུག་ཆ་དོད་དུ་ཕྱིན་པ།
ཡར་ཀླུང་གཙང་པོའི་རྒྱུད་དུ་ཟམ་པ་མང་པོ་རྒྱག་བཞིན་ཡོད་པ་སྟེ “དཔྱིད་གསར་དུས་ཆེན་རྗེས་སུ་འཕྲལ་དུ་ལས་འགོ་བསྐྱར་དུ་ཚུགས་ཤིང་། ད་ཆ་ཨར་ལས་བྱ་ཡུལ་མང་པོ་བཙུགས་ནས་མཉམ་དུ་ཨར་པོ་རྒྱག་གི་ཡོད”ཅེས་ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་པའི་རྣམ་གྲངས་ཀྱི་འགན་འཁུར་བ་ཝུའུ་ཤུའེ་ཏུང་གིས་ལྷ་ས་ནས་གཞིས་རྩེ་བར་གྱི་མྱུར་བགྲོད་གཞུང་ལམ་དབུ་ཆོས་ཡར་ཀླུང་གཙང་པོའི་ཟམ་ཆེན་འཛུགས་སྐྲུན་བྱ་ཡུལ་ནས་ངོ་སྤྲོད་བྱས། ཟམ་ཆེན་དེའི་ལམ་ཐག་རིང་ཤོས་སྨི་150ཡིན་ལ་ཐེངས་རེར་ཨར་འདམ་སྨི་3ནས་4.5ལས་བླུག་ཐུབ་ཀྱི་མེད། དེའི་འགྲམ་གྱི་ཕུག་ལམ་ནང་ཆུ་ཚོད་24རིང་གློག་སྒྲོན་སྦར་ནས་ལས་མི་300ཡིས་རེས་མོས་ལས་ཀ་བྱེད་ཀྱི་ཡོད་པ་རེད།
རྒྱལ་ལམ་318ཀྱི་ལམ་དུམ་མང་པོའི་སྤུས་ཚད་ལེགས་གཏོང་སྒྱུར་བཀོད་བྱེད་འགོ་ཚུགས་པ་དང་། ཁྲོན་བོད་ལྕགས་ལམ་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་པ། འབྲི་ཆུའི་སྟོད་རྒྱུད་ཀྱི་ཡེར་པ་ཐང་གློག་ཁང་བརྒྱུད་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་པ་སོགས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག 2023ལོར་བོད་ཀྱིས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁྱོན་191བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་1430གཏོང་རྩིས་ཡོད་པ་རེད།
ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། འདི་ལོའི་དུས་ཚིགས་དང་པོར་བོད་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་255.74ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་39.63%འཕར་ཡོད་པ་རེད།
ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས། བོད་ཀྱི་མགྲོན་ཁང་དང་བཟའ་བཏུང་ལས་རིགས་སོགས་ཀྱི་ཚོང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། “ཉེ་བའི་ཟླ་གཅིག་རིང་ཁང་པ་ཚང་མའི་ནང་སྡོད་མཁན་འདུག འདི་ལོའི་དཔྱིད་ཀ་ནི་གཉེར་སྐྱོང་བྱས་ནས་ལོ་ལྔ་སོང་རིང་ཡུལ་སྐོར་བ་མང་ཤོས་ཀྱི་ལོ་གཅིག་རེད”ཅེས་གཙུག་ལག་ཁང་ཉེ་འགྲམ་གྱི་དམངས་སྲོལ་གནས་ཚང་གི་སྦྱིན་བདག་ཀྲང་ཆང་གིས་བཤད།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་དུ། ཀོ་ཤའི་སོན་ཁུག་ཁག་དང་པོ་ཟླ་གསུམ་པའི་ནང་བཏབ་པ་དང་ལྕགས་སྒྲོམ་སྟེང་གི་སོན་ཁུག་རེ་རེ་ནས་ཤ་མོ་མང་པོ་སྐྱེས་ཡོད་པ་རེད།
“འདི་ལོར་བཟའ་སྤྱོད་ཤ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་འགག་རྩའི་གོམ་པ་སྤོས་ནས་དྲོད་ཁང་31དང་ཤ་མོའི་སོན་ཁུག་ཁྲི་10བར་རྒྱ་སྐྱེད་གཏོང་རྩིས་ཡོད”ཀོ་ཤ་དང་བེ་ཤ་སོགས་ལ་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་ཡོད། ཤང་ནས་བཟའ་སྤྱོད་ཤ་མོ་འདེབས་མཁན་ཤེས་ལྡན་མི་སྣ་6གསོ་སྐྱོང་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་སོ་དྲུག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཞུས་གོ་མའོ་ཡིས་བཤད།
ཁྱད་ལྡན་ཐོན་ལས་དར་རྒྱས་ཆེན་པོ་བྱུང་བ།
ལྷ་ས་གྲོང་ཁྱེར་པེ་ཅིང་ལམ་འགྲམ་དུ་ནས་ཀྱི་ཐོན་རྫས་མྱོང་རོལ་ཁང་ཞིག་གསར་དུ་བཙུགས་པའི་ནང་ནས་ཀྱི་བག་ལེབ་སོགས་ཐོན་རྫས་མང་པོ་ཡོད།
མྱོང་རོལ་ཁང་ཁོ་ན་ཙམ་མིན་པར་ནས་དང་ཚགས་ཤའི་ཐོན་རྫས་སྔར་ལས་མང་བ་བོད་ཀྱི་ས་གནས་ཁག་གི་སྒོ་རྩིས་ཚོང་ཁང་དང་ཁྱད་ལྡན་ཡུལ་ཟོག་ཚོང་ཁང་གི་ཟོག་སྒྲོམ་ཐོག་བསྒྲིགས་ཡོད། “ཉེ་བའི་ལོ་ཤས་རིང་ནས་ལས་སྣོན་ཁེ་ལས་ཁག་གིས་བསམ་ཕྱོགས་གསར་གཏོད་བྱས་ཏེ་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཧུར་ཐག་དང་ཐོན་རྫས་གསར་པ་གསར་སྤེལ་ཧུར་ཐག་བྱས་ཡོད”ཅེས་བོད་ལྗོངས་ཉི་འོད་གཞིས་ཀ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལིའུ་ཞུའེ་ཐིང་གིས་བཤད།
རྒྱབ་སྐྱོར་སྲིད་ཇུས་འདོན་པ་དང་། ཚོང་འགུགས་མ་འདྲེན་བྱེད་ཚད་མང་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་བོད་ཀྱི་རིམ་ཁག་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུ་བཏོན་ཡོད།
འདི་ལོའི་ཟླ་3ཚེས་1ཉིན་ནས་བཟུང《བོད་རང་སྐྱོང་ལྗོངས་ཀྱིས་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་བསྟར་བྱས་ཡོད། སྲོལ་ཡིག་ནང་སྲིད་གཞུང་གི་འགན་ནུས་མངོན་གསལ་དོད་པོ་ཡོང་བ་དང་། ནོར་ཁྲལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་མངོན་གསལ་དོད་པོ་ཡོང་བ། མ་རྩ་མཉམ་འདྲེས་ཀྱི་དཀའ་གནད་སེལ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བཅས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
“ཉེ་ཆར་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་ཐོན་རྫས་འོས་སྦྱོར་འདུ་ཚོགས་ཐོག་ང་ཚོས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁེ་ལས་6ལ་འཁོར་རྒྱུག་དངུལ་བུན་སྒོར་དུང་ཕྱུར་3.33བཏང་ནས‘ཁེ་ལས་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཁྲོམ་རའི་བྱེད་པོ་འགན་ལེན’བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ་སྲིད་ཇུས་དང་། མ་དངུལ། དགོས་མཁོ་བཅས་གནད་སྨིན་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ཡོད”ཅེས་ཀྲུང་གོ་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གི་ཧང་ཀྲང་ཀྲའོ་ཧྲི་ཡིང་གིས་བཤད།
ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡོང་བར་རོགས་རམ་བྱ་ཆེད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཐོན་ལས་བོད་སྐྱོར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ནམ་མཁའ་གཡའ་དག་ཅིང་ཉི་འོད་རབ་ཏུ་འཚེར་བའི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་གྱི་སྦྲང་ནོར་བུ་གསོ་ཚགས་རྟེན་གཞིར་སྦྲང་སྒམ་རེ་རེ་གྲལ་སྟར་འགྲིག་པོས་བཞག་ཡོད།
ས་མཐོར་རི་སྐྱེས་སྦྲང་ནོར་བུ་གསོས་ན་ཡག་པོ་ཡོད་པ་ཤེས་པས། བོད་ལྗོངས་ཏེན་ཧྥེང་གོང་དཀར་སྦྲང་རྩི་ཐོན་རྫས་ཚད་ཡོད་ཀུང་སིས་སྦྲང་སྒམ་1180ཙམ་བཙུགས་ཡོད། ཧུའུ་ནན་གྱི་བོད་སྐྱོར་ལས་བྱེད་པ་གོང་དཀར་རྫོང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལེ་ལིང་ཤང་གིས་གོམ་སྟབས་རྗེས་མར་གསོ་ཚགས་རྟེན་གཞི་རྒྱ་ཆེ་རུ་གཏོང་བ་དང་ནང་སའི་ཁྲོམ་ར་རྒྱ་སྐྱེད་བཏང་སྟེ་མི་སྔར་ལས་མང་བས་ས་མཐོའི་སྦྲང་རྩིའི་བྲོ་བ་མྱོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།
ཁེ་ལས་སྐྱེད་སྲིང་གི་འཕེལ་ཕྱོགས་བཟང་བས་ལས་ཞུགས་སྔར་ལས་མང་བ་ཐུབ་པ།
རིག་ནུས་དབྱེ་འབྱེད་འཕྲུལ་འཁོར་མང་པོ་ཞིག་བྲེལ་བརྩོན་ཆེན་པོས་བང་རིམ་ལྔ་ལྡན་གྱི་ཟོག་སྒྲོམ་རྣམས་གློག་ཀླད་ཀྱི་མདུན་དུ་གནད་ལ་འཁེལ་པོས་བསྐྱལ་བས། ལས་དོན་མི་སྣས་མངགས་ཐོའི་ཐོག་གསལ་བ་ལྟར་ཚོང་ཟོག་ཕབ་ནས་བཤེར་འབེབས་བྱས་རྗེས་ཟུར་གྱི་སྒམ་ཆུང་ནང་དུ་བླུགས།
དེ་ནི་ཅིང་ཏུང་ལྷ་ས་མཛོད་ཁང་གི་བྲེལ་བརྩོན་ཆེ་བའི་རྣམ་པ་ཞིག་རེད། “ཟོག་འགྲེམས་ཁྱིམ་ཚང་མང་པོ་དང་འབྲེལ་བ་ཡོད། འདི་ལོ་ཚུན་དུ་མངགས་ཐོའི་གྲངས་འབོར་དུས་མཚུངས་ལས་50%འཕར་བ་དང་ཡུལ་འདི་གའི་མཛོད་ཁང་གི་མངགས་ཐོའི་གྲངས་འབོར་ཡང་དུས་མཚུངས་ལས་40%འཕར་ཡོད”ཅེས་ཅིང་ཏུང་ཚོགས་པ་ལྷ་ས་མཛོད་ཁང་གི་གཙོ་འགན་འཁུར་མཁན་དབྱང་ལུང་ཁྲེང་གིས་བཤད། ཁོང་གིས་སྲིད་གཞུང་དང་མཉམ་དུ་བསྐྲུན་པའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་བཀར་འཇུག་གཉེར་སྐྱོང་ལྟེ་གནས་ལ་བརྟེན་ཏེ་ཀུང་སིས་ཟོག་འགྲེམས་སྔར་བས་མགྱོགས་སུ་བཏང་ནས་མང་ཚོགས་ཀྱི་དྲ་ཐོག་ཉོ་སྒྲུབ་ཀྱི་དགོས་མཁོ་བསྐངས་ཏེ་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཀྱི་ཡིན་ཞེས་བཤད།
དམངས་འཚོའི་དཀའ་གནད་སེལ་ཆེད། ས་མཐོར་འཚམ་པའི་ཐབ་ཆས་ཞིབ་བཟོ་བྱས་ནས་ཁྱབ་གདལ་བཏང་བ་ནི་དམངས་འཚོའི་བྱ་ཐབས་གལ་ཆེན་ཞིག་རེད། ཆུ་འཁོལ་དུས་ཧྲེ་ཧྲི་ཏུའུ་80ལྷག་ཙམ་ལས་ཟིན་གྱི་མེད་པའི་གནད་དོན་དེས་སྔར་ནས་ད་བར་ས་བབ་མཐོ་བའི་ས་ཁུལ་གྱི་མང་ཚོགས་ལ་དཀའ་རྙོག་བཟོ་བཞིན་ཡོད། 2022ལོ་ཚུན་དུ་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་རྒྱལ་ནང་གི་ཐབ་ཆས་ཀྱི་འབྲེལ་ཡོད་སྣེ་འདྲེན་ཁེ་ལས་དང་མཉམ་དུ་ས་མཐོའི་ཁུལ་དུ་འཚམ་པའི་ནུས་མང་ཐབ་ཆས་སྣ་ཁ་14ཙམ་ཞིབ་བཟོ་བྱས་ཡོད།
“དབུགས་རྡིག་གསར་པ་སྤྱད་ན་ཚལ་འདྲ་མིན་སྣ་ཚོགས་བཟོ་ཆོག་གི་འདུག་ལ་བྲོ་བ་ཡང་སྔར་ལས་ཞིམ་པ་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་འབྲོག་པ་ཚེ་རིང་དབང་རྒྱལ་གྱིས་བཤད།
ལས་ཞུགས་ནི་མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་དམངས་འཚོའི་གནད་དོན་རེད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་བྱ་ཐབས་སྣ་མང་སྤྱད་ནས་ལས་ཞུགས་ལས་གཏོད་བྱེད་མང་དུ་བཏང་ཡོད། མཛེས་བཟོ་ཇུས་འགོད་བྱེད་མཁན་ཆོས་འཛིན་དང་ཁོང་གི་ལས་རོགས་ཀྱིས་ཇུས་འགོད་རི་མོ་དང་ཚོན་ཁྲ་སྣ་ཚོགས་ཀྱི་ཐོ་འགོད་སྨྱུ་གུ་འཁྱེར་ཏེ་ཚོང་ལས་ཐོག་ཁང་ཞིག་ཏུ་གློག་སྐུད་སྒྱུར་བཀོད་ཇི་ལྟར་བྱེད་དགོས་མིན་ཐད་ཞིབ་འཇུག་བྱེད་བཞིན་ཡོད་ཅིང་། ཁོང་གིས“ང་གཉིས་ལ་2022ལོར་སློབ་གྲྭ་ཐོན་རྗེས་གློག་ལས་བཟོ་པ་དང་སྐམ་འཛིན་བཟོ་པའི་མཐོ་རིམ་བཟོ་བཀོད་པའི་ལས་རིགས་ཐོབ་ཐང་ལག་ཁྱེར་རག་པ་དང་སློབ་གྲྭས་འོས་སྦྱོར་བྱས་པ་བརྒྱུད་ལས་ཞུགས་ཐུབ་བྱུང”ཞེས་ཆོས་འཛིན་གྱིས་བཤད།
“ལས་ཞུགས་ཀྱི་དམིགས་སའི་རང་བཞིན་ཆེ་རུ་གཏོང་ཆེད། སློབ་གླིང་གིས་ཐོན་སློབ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་བྱེད་སྟངས་སྤྱད་དེ‘མངགས་ཐོ་དང་གནས་གཏན་འཁེལ་རྣམ་པའི’གསོ་སྦྱོང་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་ལག་ཤེས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཟླ་བ་མཚམས་གཅོད་ཀྱིས་བཤད་པ་དང་། ཁོང་གིས་འདི་ལོ་སློབ་གྲྭའི་སློབ་མ་ཐེངས་དང་པོར་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པའི་ཡིད་ཆེས་ཡོད་ཅེས་བཤད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣