ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
● ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་འགྱུར་བར་བྱེད་དགོས།
ཟླ་4ཚེས་24ཉིན་ནས་ཚེས་29ཉིན་བར། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ལྷ་སར་གཉེར་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་གིས་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དེའི་ཁྲོད་ཁྱབ་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་ཀྱིས་སློབ་སྦྱོང་དང་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་འགྱུར་བར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭ་གཉེར་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད།
དཔེ་ཀློག་འཛིན་གྲྭ་གཉེར་རིང་སློབ་མ་ཡོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་གི་ནང་དོན་གཙོ་བོར་དམ་པོར་དམིགས་ནས་མི་སྒེར་གྱིས་རང་འགུལ་སློབ་སྦྱོང་དང་། གཅིག་སྡུད་བགྲོ་གླེང་སློབ་སྦྱོང་། ཚོགས་ཆུང་ཁག་བགོས་ཀྱི་སྤེལ་རེས་སློབ་སྦྱོང་སོགས་ཀྱི་བྱེད་སྟངས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་། ཏང་གི་སྒྲིག་ཡིག 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྩ་གནད》སོགས་ཞིབ་ཀློག་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་གཏིང་ཟབ་བྱེད་པ། སློབ་སྦྱོང་གཏིང་ཟབ་དང་། ལྟ་བསྡུར་ཞིབ་ཚགས། དོན་འཁྱོལ་ནན་ཏན་བཅས་བྱེད་རིང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། གོ་རྟོགས་མཐོ་རུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ཚད་ཤིང་བཙུགས་པ་དང་མིག་དཔེ་བསྟན་ཡོད། དཔེ་ཀློག་འཛིན་གྲྭའི་ཐོག་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསྟན་ཁོ། མོང་ཞའོ་ལིན་བཅས་ཀྱིས་རང་ངོས་ཀྱི་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བསམ་བློའི་ངོས་འཛིན་དང་མྱོང་ཚོར་སྤེལ་རེས་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། དཔེ་ཀློག་འཛིན་གྲྭའི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། ཉིན་རེའི་གྲོས་རིམ་བཀོད་སྒྲིག་ཞིབ་ཚགས་པ། ནང་དོན་ཆ་ཚང་ལ་ཕུན་སུམ་ཚོགས་པ། བགྲོ་གླེང་དམ་པ་དོན་གཉེར་བཅས་ཡོད་ཅིང་། དེ་ནི་ཕྱོགས་ཡོངས་དང་གཏིང་ཟབ་པའི་ཆབ་སྲིད་ཀྱི་སློབ་གསོ་དང་། རིགས་གཞུང་གི་ཤུགས་རྐྱེན། བསམ་བློའི་ཞུན་བརྡར་བཅས་རེད། གཅིག་སྡུད་སློབ་སྦྱོང་བརྒྱུད་ཚང་མའི་བསམ་བློར་གཡོ་འགུལ་ཐེབས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་གོང་མཐོར་སོང་བ། ངོས་འཛིན་གཏིང་ཟབ་ཏུ་ཕྱིན་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བཅས་ལ་གོ་བ་ལོན་ཚད་ཟབ་ཏུ་ཕྱིན་པ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཕྱིན་པ། བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་དགོས་ན། “དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་དང་། ཤེས་སྦྱོར་གཅིག་མཐུན་དང་སྦྱངས་པ་གོ་ཆོད་མཐའ་འཁྱོངས་བྱས་ཏེ་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བརྟེན་ནས་བོད་ཀྱི་ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཏེ་ནུས་སེམས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པ། ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ནང་བསྡུས་པའི་བདེན་དོན་དང་སྟོབས་ཤུགས་རླབས་པོ་ཆེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཐད་བྱ་སྤྱོད་དང་ཕན་འབྲས་མངོན་པར་བྱེད་དགོས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་བརྩེ་སེམས་ཐད་བསམ་པ་རྣམ་དག་གིས་སྲོག་ཤིང་ལ་དགའ་ཞེན་དང་། བསམ་བློའི་ཐད་སྲོག་ཤིང་ལ་ཚད་མཐོའི་ཁས་ལེན། ཆབ་སྲིད་ཐད་སྲོག་ཤིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། རྩ་འཛུགས་ཐད་རང་རྟོགས་ངང་སྲོག་ཤིང་ལ་བརྩི་བཀུར། བྱ་སྤྱོད་ཐད་སྲོག་ཤིང་གི་རྗེས་སུ་དམ་པོར་འབྲང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། བསམ་བློའི་འདུ་ཤེས་གསར་བརྗེས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པའི་ཐད་བྱ་སྤྱོད་དང་ཕན་འབྲས་མངོན་པར་བྱེད་དགོས་ཤིང་། ཉམས་མྱོང་ཕྱོགས་སྡོམ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། རང་ལམ་རང་བཀག་དང་། རྙིང་ཞེན་བག་འཁུམས། རང་འགན་གཞན་དཀྲི། རང་བྱུང་དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་བསམ་བློ་དོར་ནས་རྩལ་ནུས་འགྲན་པ་དང་། སྒྱུར་བཅོས་གསར་གཏོད། འགན་འཁྲི་འཁུར་ཕོད་པ། སྤྱི་འདོམས་མཐུན་སྦྱོར་བཅས་ཀྱི་འདུ་ཤེས་བཙུགས་ནས་རིམ་ཁག་ལས་བྱེད་པའི་འདུ་ཤེས་གསར་བརྗེས་དང་། སྤྱོད་ཚུལ་ལེགས་གཏོང་། འཇོན་ཐང་ཆེར་གཏོང་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། སྦྱོང་སྤྱོད་ཟུང་འབྲེལ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱ་སྤྱོད་དང་ཕན་འབྲས་མངོན་པར་བྱེད་དགོས་ཤིང་། “དོན་ཆེན་བཞི”ལག་བསྟར་དོན་འཁྱོལ་ལ་དམིགས་ནས་ཐམས་ཅད་དོན་དངོས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱེད་པ་དང་། འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམ་པོར་དམིགས་པ། ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། རྨང་གཞི་བརྟན་དུ་གཏོང་བ། ལེགས་ཆ་དར་སྤེལ་གཏོང་བ་བཅས་བྱས་ནས་ནུས་སེམས་གཅིག་སྒྲིལ་གྱིས་བོད་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས། མི་སེམས་གཅིག་སྒྲིལ་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བའི་ཐད་བྱ་སྤྱོད་དང་ཕན་འབྲས་མངོན་པར་བྱེད་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ་དང་། མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་གཏིང་ཟབ་གཏོང་བ། བརྟག་ཞིབ་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་སློབ་སྦྱོང་བྱེད་ཀྱིན་དུ་ལྟ་བསྡུར་དང་། འཚོལ་བཤེར། དག་ཐེར་བཅས་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དངོས་ཏན་ཏིག་ཚོར་ཐུབ་པར་བྱེད་དགོས། འཇོན་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ཐད་བྱ་སྤྱོད་དང་ཕན་འབྲས་མངོན་པར་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་ཚད་གཞི་གཞིར་བཟུང་མི་སྣ་འདེམས་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་འཛུགས་པ། ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་སྣ་འདེམས་སྤྱོད་ཀྱི་ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ། གཞུང་དྲང་ཚུལ་མཐུན་ངང་ལས་བྱེད་པ་འདེམས་སྤྱོད་བཅས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་བྱ་སྤྱོད་དང་ཕན་འབྲས་མངོན་པར་བྱེད་དགོས་ཤིང་། སྟོང་གཏམ་ཉུང་ཙམ་ཤོད་པ་དང་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་། དམ་པ་དོན་གཉེར་མཐའ་འཁྱོངས་བྱེད་པ། རང་འགན་ཐེག་པ་འཁུར་ལེན་བྱེད་མཁས་པོ་བྱེད་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། རུལ་རྒོལ་གཙང་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འགན་ལེན་བརྟན་པོ་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣