དབུ་ཤོག>ཆེད་སྒྲིག
  • ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་བྱེད་པའི་གཞི་རྩའི་བླང་བྱའི་ནང་འཇུག་པར་དོན་སྙིང་གང་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-01

    ལན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་སྤྱིའི་རྩ་འཛིན་གྱི་རང་བྱུང་དུམ་བུ་ཉེར་བརྒྱད་པའི་ནང་།“དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས་བྱེད་རྒྱུ”དེ་ཏང་འཛུགས་སྐྱོང་བྱེད་པའི་གཞི་རྩའི་བླང་བྱའི་ནང་དུ་བཅུག་ནས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས་བྱེད་པའི་གལ་ཆེའི་རང་བཞིན་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད་པས། རྩ་འཛུགས་ཀྱི་ཐོག་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་ལེན་མཐར་ཕྱིན་བསྟར་བ་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    དང་པོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཏོན་ནས། ཏང་གི་རྩ་འཛུགས་ལམ་ཕྱོགས་དེ་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོར་གསལ་པོ་དང་གཏན་འཁེལ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཡང་དག་པའི་ཆབ་སྲིད་ལམ་ཕྱོགས་ནི་ཡང་དག་པའི་རྩ་འཛུགས་ལམ་ཕྱོགས་ལ་བརྟེན་ནས་འགན་ལེན་བྱེད་དགོས” རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུ་ནི་ཏང་འཛུགས་སྐྱོང་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཡིན། རང་རེའི་ཏང་གིས་ཏང་གི་ཚོགས་ཆེན་དྲུག་པ་འཚོག་སྐབས་རྩ་འཛུགས་ལམ་ཕྱོགས་ཞེས་པའི་དོན་སྤྱི་དེ་བཏོན་པ་མ་ཟད། ཐོག་མཐའ་བར་གསུམ་དུ་དངོས་སུ་གནས་པའི་རྩ་འཛུགས་ལམ་ཕྱོགས་ལག་ལེན་བསྟར་བཞིན་ཡོད་མོད། འོན་ཀྱང་དུས་ཡུན་རིང་པོ་ཞིག་གི་ནང་ཕྱོགས་ཡོངས་ནས་སྙིང་བསྡུས་བྱས་མེད་པ་སྟེ། སྣེ་མང་རྙོག་འཛིང་གི་རྩ་འཛུགས་ལས་དོན་དེ་ཁ་གསལ་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་སྙིང་བསྡུས་བྱས་མེད་པ་དང་། ཆབ་སྲིད་ཀྱི་ལམ་ཕྱོགས་དང་བསམ་བློའི་ལམ་ཕྱོགས་ལ་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པས་ཏང་ཡོངས་ཀྱི་བློ་མཐུན་ཚོས་གོ་བ་ལེན་པ་དང་ཁོང་དུ་ཆུད་ཐུབ་མེད་པ་མ་ཟད། ལམ་ཕྱོགས་དེ་བརྩི་སྲུང་ཞུས་ནས་མདུན་སྐྱོད་ཀྱང་བྱེད་ཐུབ་མེད། ཏང་གིས་ཡུན་རིང་འཚོལ་ཞིབ་བྱས་པ་དང་། ལྷག་པར་དུ་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་རླབས་པོ་ཆེ་བྱས་པ་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2018ལོའི་རྒྱལ་ཡོངས་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་གསལ་སྟོན་དང་རྒྱས་བཤད་གནང་བས། རང་རེའི་ཏང་ལ་མངོན་གསལ་དོད་ལ་བློ་བརྟན་འགྱུར་མེད་ཀྱི་རྩ་འཛུགས་ལམ་ཕྱོགས་ཤིག་བྱུང་ཡོད། ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དེ་ཏང་འཛུགས་སྐྱོང་བྱེད་པའི་གཞི་རྩའི་བླང་བྱའི་ནང་བཅུག་པ་མ་ཟད། ཏང་འཛུགས་སྐྱོང་བྱེད་པའི་གཞི་རྩའི་བླང་བྱའི་ནང་གི་སྔར་ཡོད་ཀྱི་རྩ་འཛུགས་ལམ་ཕྱོགས་ཀྱི་འབྲེལ་ཡོད་ནང་དོན་དག་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཁྲོད་གཅིག་བསྡུས་བྱས་ཏེ། གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱང་བྱུང་བས་ཏང་འཛུགས་སྐྱོང་བྱེད་པའི་གཞི་རྩའི་བླང་བྱ་སྔར་བས་ཕུན་སུམ་ཇེ་ཚོགས་དང་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    གཉིས་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། ཏང་གི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་རྩ་དོན་རྒྱུན་འཛིན། ཏང་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ལ་གཞི་ཚུགས་པ། རང་རེའི་ཏང་དབུ་བརྙེས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱེད་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་འཛུགས་སྐྱོང་གི་ཁ་ཕྱོགས་རང་བཞིན་དང་། རྩ་དོན་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ལ་ཚན་རིག་དང་མཐུན་པའི་ངང་ལན་བཏབ་ནས། ཏང་གི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ནུས། འཐབ་ནུས་བཅས་ཆེ་རུ་གཏོང་བར་འགན་ལེན་གལ་ཆེན་ཡང་བྱས་ཡོད། དེའི་གསར་གཏོད་རང་བཞིན་གྱི་བྱས་རྗེས་ནི། གཅིག་ནས་ཏང་གི་རྩ་འཛུགས་ལམ་ཕྱོགས་ལ་ཐེངས་དང་པོར་གསལ་བཤད་ཆ་ཚང་ཞིག་བྱས་པ་མ་ཟད། དེའི་ཚན་རིག་གི་ནང་དོན་ཡང་གསལ་པོར་བསྟན་ཡོད་པས། ཏང་ཡོངས་ཀྱིས་གོ་བ་ཡང་དག་ལོན་པ་དང་ཁོང་དུ་ཡང་དག་ཆུད་པར་ཕན་ཐོགས་ཡོད་ལ་ལམ་ཕྱོགས་འདི་བརྩི་སྲུང་ཞུས་ནས་མདུན་དུ་སྐྱོད་པར་ཕན་ཐོགས་ཡོད། གཉིས་ནི་རྩ་འཛུགས་འཛུགས་སྐྱོང་གི་རྒྱུ་རྐྱེན་གཙོ་བོ་ཁག་གོ་རིམ་ལྡན་པའི་ངང་ཕྱོགས་བསྡུས་མངོན་འགྱུར་བྱུང་ཞིང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱིས་རྩ་འཛུགས་འཛུགས་སྐྱོང་དེ་བྱ་གཞག་རླབས་པོ་ཆེ་དང་འདུ་འགོད་རླབས་པོ་ཆེའི་སྤྱིའི་རྣམ་པ་དང་འཚམ་མཐུན་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་འགག་རྩའི་ནང་དོན་ཚང་མ་དེའི་ནང་བཅུག་ནས་རྩ་འཛུགས་འཛུགས་སྐྱོང་གི་མཛུབ་ཁྲིད་བསམ་བློ་དང་། ལས་ཀའི་བཀོད་སྒྲིག གཞི་རྩའི་ལས་འགན། བྱེད་ཕྱོགས་རྩ་དོན། དམིགས་ཚད་ཀྱི་ཁ་ཕྱོགས་བཅས་གཏན་འཁེལ་བྱས་པས་རྒྱུ་རྐྱེན་གཙོ་བོ་ཆ་ཚང་བ་དང་ནང་གནས་གཅིག་གྱུར་གྱི་འབྲེལ་ཟབ་གོང་བུ་ཞིག་གྲུབ་ནས་ཏང་ཡོངས་ཁོངས་གཏོགས་ཀྱི་རྩ་འཛུགས་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པར་ཕན་པ་དང་རྩ་འཛུགས་འཛུགས་སྐྱོང་གི་སྤུས་ཚད་དང་ལས་ཕྱོད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་ཕན་པ་ཡོད། གསུམ་ནས་རྩེ་རིམ་ཇུས་འགོད་ཀྱི་ཐོག་ནས་ཏང་གི་ལམ་ཕྱོགས་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བཏོན་པ་དེས་རང་རེའི་ཏང་ལ་རྩ་བའི་རང་བཞིན་གྱི་ལམ་ཕྱོགས་ལྡན་པར་གྱུར་པ་སྟེ་ཆབ་སྲིད་ཀྱི་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། རྩ་འཛུགས་ཀྱི་ལམ་ཕྱོགས། མང་ཚོགས་ཀྱི་ལམ་ཕྱོགས་སོགས་ཚུད་ཁར་སྔར་བས་བརྒྱུད་རིམ་ལྡན་པ་དང་འཐུས་སྒོ་ཚང་བས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། བསམ་བློའི་ལེགས་ཆ། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་བཅས་སྔར་ལས་ལྷག་པ་འདོན་རྒྱུར་ཕན་ཐོགས་ཡོད་ཅིང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་ཆེད་དྲག་ཆས་སྔར་བས་སྟོབས་ཤུགས་ལྡན་པ་ཞིག་མཁོ་འདོན་བྱས་ཡོད།

    གསུམ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་པར། ངེས་པར་དུ་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས་བྱེད་དགོས། ད་ཆ་ང་ཚོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་བསྐྱོད་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་འཇུག་བྱེད་བཞིན་ཡོད། མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད། ང་ཚོར་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་བཞིན་ཡོད། རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ་དང་། ཉེན་ཁ་ཚབས་ཆེན་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་བསད། འགལ་ཟླ་ཆེན་པོ་སེལ་བ་བཅས་ནུས་ལྡན་བྱེད་པ་དང་། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་ལྷོད་མེད་བྱས་ཏེ་བློ་སྒྲིལ་སེམས་སྐྱེད་བྱེད་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཆེ་རུ་གཏོང་བ། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་བཟོད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། ཕྱོགས་གང་ས་ཅི་ཐད་ཀྱི་ཤེས་ལྡན་པ་སྒྲིག་འཛུགས་ནུས་ལྡན་བྱེད་པ་དང་། དེ་བཞིན་རྒྱ་ཆེའི་མི་དམངས་མང་ཚོགས་རྒྱ་ཁྱབ་ངང་གོང་བུ་གཅིག་ཏུ་བསྒྲིལ་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།