དབུ་ཤོག>ཆེད་སྒྲིག
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-24

    ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ཁྲང་ཧྥུང་སྨན་ཁང་དུ་མེ་སྐྱོན་ཚབས་ཆེན་གྱི་ལས་འཛོལ་ཐོན་པའི་སྐོར་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ། དེ་བཞིན་རྒན་རྒོན་གྱི་ལས་དོན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རང་སྐྱོང་ལྗོངས་རིམ་པའི་སྤྱི་འདོམས་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས་པ་རེད། 

    ཚོགས་འདུར། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་རྒྱུན་འཁྱོངས་བྱས་ནས་བོད་ལ་གནས་ཚུལ་མི་ཐོན་པར་བྱེད་པ་དང་ཐོན་དུའང་མི་རུང་བ་བློ་ལ་བརྟན་པོར་ངེས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ལེགས་པར་བྱས་ཏེ། ལས་ཀའི་གྲུབ་འབྲས་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”སྲུང་སྐྱོབ་དང་། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས། གཙོ་གནད་ལ་དམིགས་པ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་བའི་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་ཏེ་ཟུར་བལྟས་ལེབ་མཐོང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་མི་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུར། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་བརྟན་པོ་དང་སྐྱོན་བྲལ་གོ་རིམ་ལྡན་པ་བྱུང་ནས་འགོ་ཚུགས་མ་ཐག་གྲུབ་འབྲས་བཟང་པོ་ཐོབ་ཡོད། གོམ་སྟབས་རྗེས་མར། རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱིས་ཡིད་ཆེས་བརྟན་དུ་གཏོང་བ་དང་། དུས་བསྟུན་མདུན་སྐྱོད། ཚད་བསྡུར་སྙེག་བརྒལ། གསར་གཏོད་དངོས་སྒྲུབ་བཅས་བྱས་ནས་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་དང་སྤྱི་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

    ཚོགས་འདུར། རྒན་རྒོན་གྱི་ལས་དོན་སྔོན་ཚུད་ནས་ཇུས་འགོད་ཡག་པོ་བྱེད་པ་དང་། ལས་འགན་ཁ་གསལ་བཟོ་བ། ལས་ཀའི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། རྒན་རྒོན་གྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”གི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་ཏེ། ཁྱབ་ཁོངས་དེ་བས་ཆེ་བ་དང་ཆུ་ཚད་དེ་བས་མཐོ་བའི་ངང་ནས་རྒན་རྒོན་གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་རང་སྐྱོང་ལྗོངས་རིམ་པས་སྤྱི་འདོམས་བྱེད་པར་དྲང་གཞག་རང་བཞིན་དེ་བས་མངོན་པར་བྱས་ཏེ། ཐོབ་ཐང་འདྲ་མཉམ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་མཐུན་སྦྱོར་འཕེལ་རྒྱས་དང་སྐུལ་འདེད་བརྟན་པོ་གཏོང་དགོས། ཚད་ལྡན་རང་བཞིན་དེ་བས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལམ་ལུགས་དང་སྲིད་ཇུས་གཅིག་གྱུར་དང་། ཐེབས་རྩ་སྡེབ་བསྡུ་སྡེབ་གཏོང་། དོ་དམ་དང་ཞབས་ཞུ་གཞི་གཅིག་བཅས་ཡོང་བར་བྱེད་དགོས། ཁྱབ་ནུས་རང་བཞིན་དེ་བས་མངོན་པར་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ“སྨན་བཅོས་འགན་ལེན”ཐུབ་པར་བྱས་ནས་ཁོང་ཚོར“ནད་གཞི་བསྟེན་ཐུབ་པ་དང་། ནད་གཞི་ལྟ་ཐུབ་པ། ནད་གཞི་ཡག་པོ་ལྟ་ཐུབ་པ”བཅས་ཡོང་བར་བྱེད་དགོས། ལྟ་འདོམས་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་དང་། འགན་བཅོལ་གཡོ་བསླུའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་སྨན་བཅོས་འགན་བཅོལ་དངུལ་འཁོར་རྒྱུག་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།