ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་གཏིང་ཟབ་སྤེལ་ནས་གྲོང་གསེབ་དར་རྒྱས་ཀྱི་སྐྱེ་ཁམས་དང་གནས་འཕྲོད་ཀྱི་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མང་ཚོགས་ཀྱི་ཤིང་འཛུགས་བདག་སྐྱོང་གི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ། མི་འཚོ་སྡོད་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ་བཅས་བྱུང་ནས། མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་སྐྱེ་ཁམས་ཁོར་ཡུག་བཟང་པོའི་དགོས་མཁོ་བསྐངས་ཡོད།
མངའ་རིས་ས་ཁུལ་གྱིས་ཚན་རིག་དང་མཐུན་པའི་སྔོ་འགྱུར་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་བསམ་འཆར་ལ་ནན་པོར་གཞིགས་ནས། རྩེ་རིམ་ཇུས་འགོད་ཡག་པོ་བཟོ་བ་དང་། སྔོ་འགྱུར་བར་མཐོངས་བཀོད་སྒྲིག་ལུགས་མཐུན་བྱེད་པ། རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚོ། བྱེ་ཐང་། གངས་འཁྱག་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོར་སྤྱི་འདོམས་སྐུལ་འདེད་གཏོང་བ། ས་གནས་དེ་གའི་གནམ་གཤིས་དང་ས་བབ་ཆ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་པ། སྐྱེ་ཁམས་ཀྱི་ནུས་པ་གཙོ་བོར་བཟུང་བ། ས་གནས་དེ་གའི་སྤུས་ལེགས་ཤིང་འཛུགས་པ་བཅས་བྱས་ནས་ལྗོན་ཤིང་གསོན་ཐུབ་པ་དང་སྔོ་ལྗང་དུ་འགྱུར་བར་བྱས་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད།
མངའ་རིས་ས་ཁུལ་གྱིས་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བཏང་བའི་མ་དངུལ་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་དམིགས་ཚད་ལས་འགན་དང་འཚམ་པའི་འགན་ལེན་བྱས་ཡོད། རིམ་པ་དེ་གའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་423.52བཏང་ནས་སེང་གེ་ཁ་འབབ་གཤོང་སའི་ནགས་བཟོ་སྔོ་འགྱུར་འདུ་འགོད་ལག་ལེན་བསྟར་བ་དང་སེང་གེ་ཁ་འབབ་གྲོང་རྡལ་གྱི་སྐྱེ་དངོས་བྱེ་འགོག་བྱེ་བཅོས་ལས་གྲྭའི་དོ་དམ་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ལས་ཁུངས་དང་ཚན་པའི་སྒོ་ར་སྔོ་འགྱུར་དང་། གྲོང་གསེབ་ཀྱི་ཁང་པའི་རྒྱབ་མདུན་ཚང་མར་ཤིང་འཛུགས་པ། འོས་འགན་ཤིང་འཛུགས་བྱེད་སྒོ་བཅས་སྤེལ་བ་རེད།
མངའ་རིས་ས་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་རྣམ་གྲངས་སྐུལ་ཁྲིད་ཀྱི་འཐབ་ཇུས་ལག་ལེན་བསྟར་ནས་རྣམ་གྲངས་ལ་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ། བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན། བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”འབབ་རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་སོགས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བཅོས་སྐྱོང་གི་རྣམ་གྲངས་ལག་ལེན་བསྟར་ཏེ། མ་དངུལ་འཇོག་པར་སྐུལ་ཁྲིད་བྱས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འཕེལ་རྒྱས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད།
མངའ་རིས་ས་ཁུལ་གྱིས་ཤིང་བཙུགས་རྗེས་བདག་སྐྱོང་ལ་སྣང་ཆེན་བྱས་ནས། “ཤིང་འཛུགས་གསོ་བྱེད་པར་ལོ་བཅུ་དགོས་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་ལྗོན་ཤིང་བདག་སྐྱོང་བྱེད་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད། སྔོ་འགྱུར་ཨུ་ལྷན་གྱི་ཁོངས་མིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་གྱི་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་ནས། སྐྱེ་ཁམས་ནགས་སྲུང་བ་གང་ལེགས་སྤྱད་དེ་གྲོང་ཚོ་དང་ཚོགས་ཆུང་གིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ནགས་བཟོའི་གྲུབ་འབྲས་ལ་རྒྱུན་གཏན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྕང་སོན་རྐང་གཅིག་བཏབ་ན་གཅིག་གསོན་པ་དང་། ཡུག་ཁུལ་གཅིག་ཏུ་ལྗོན་ཤིང་བཏབ་ན་ནགས་ཁུལ་ཅིག་ཆགས་པ་དང་སྔོ་འགྱུར་ཁུལ་གཅིག་ཆགས་པར་བྱས་ཡོད།
མངའ་རིས་ས་ཁུལ་གྱིས་སྔོ་འགྱུར་གྱི་འདུ་ཤེས་འཛིན་སྟངས་ལེགས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་འོས་འགན་ཤིང་འཛུགས་དུས་ཆེན་དང་འདམ་ར་སྲུང་སྐྱོང་ཉིན་མོ་སོགས་དུས་ཚིགས་གལ་ཆེན་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བའི་དོན་སྙིང་གལ་ཆེན་དང་། སྤྱིའི་བླང་བྱ། དམིགས་ཚད་ལས་འགན་བཅས་དྲིལ་བསྒྲགས་དང་གསལ་འགྲེལ་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ལྗོན་ཤིང་ལ་དགའ་བ་དང་། ལྗོན་ཤིང་སྲུང་སྐྱོང་། ལྗོན་ཤིང་འཛུགས་པ། ལྗོན་ཤིང་བདག་སྐྱོང་བཅས་ཀྱི་སྐྱེ་ཁམས་ཀྱི་འདུ་ཤེས་མི་སེམས་སུ་བརྟན་པོ་ཟུག་པར་བྱས་ནས། མང་ཚོགས་རང་འགུལ་ངང་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ནང་ཞུགས་ཐུབ་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ཐུབ་པར་བྱས་ཡོད།