ཟླ་4པ་ནི་ལོ་གཅིག་གི་དཔྱིད་ཉམས་དོད་ཤོས་ཡིན་ལ། ཤིང་འཛུགས་ནགས་བཟོའི་དུས་ཚིགས་ཡག་ཤོས་ཀྱང་རེད། ལྷ་ས་སྐྱིད་ཆུའི་ངོགས་ཀྱི་རི་རྒྱུད་དུ་ནགས་བཟོའི་ས་ཚིགས་88ཡོད་པ་དེ་དག་ཏུ་སྐྱེལ་འདྲེན་རླངས་འཁོར་དང་ཤིང་འཛུགས་མཁན་གྱིས་ཤིང་འཛུགས་བཞིན་ཡོད།
སྟོད་ལུང་བདེ་ཆེན་ཆུས་གསང་མདའ་གྲོང་ཚོའི་ནགས་བཟོའི་ས་ཚིགས་གཉིས་པར་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཝང་ཧྲང་ཏེ་ཡིས་རླངས་འཁོར་ནས་ཕབ་མ་ཐག་གི་བྱེ་ཐང་རྒྱ་ཤུག་སྡོང་ཕྲུག་ལ་ཞིབ་བཤེར་ཞིབ་ཚགས་བྱེད་ཅིང་། ཁོང་དང་མཉམ་དུ་ཡོད་པའི་ལས་དོན་པས་ཁྲེ་ཙེས་སྡོང་ཕྲུག་གི་རིང་ཚད་འཇལ་བ་དང་། སྡོང་ཕྲུག་བསྐམས་ཡོད་མེད། རྩ་བར་སྐྱོན་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས། “སྤྱིའི་ཆ་ནས་ཚང་མ་ཚད་ལོན་འདུག གོ་སྐབས་ལ་དམ་འཛིན་བྱས་ནས་འདེབས་དགོས”ཞེས་ཝང་ཧྲང་ཏེས་བཤད།
གསར་འགོད་པས་ལྷ་ས་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོར་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར་19ལྷག་ཙམ་བཏང་ནས་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་19ཡན་ལེགས་སྒྲུབ་དང་ནགས་བཟོའི་ལྗོན་ཤིང་སྣ་ཁ་17འདེབས་རྩིས་ཡོད་པ་དང་རྣམ་གྲངས་འཛུགས་སྐྲུན་དེ་ཁྲེང་ཀོན་ཆུས་དང་། སྟག་རྩེ། སྟོད་ལུང་། ཆུ་ཤུར་བཅས་རྫོང་དང་ཆུས་4རུ་ལག་བསྟར་བྱེད་རྒྱུ་རེད།
ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་ནགས་བཟོའི་སྤུས་ཚད་འགན་ལེན་བྱ་ཆེད། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ནགས་བཟོའི་ལག་རྩལ་བློ་འདྲི་བ་དང་། དཔལ་འབྱོར་ནགས་ཤིང་གི་བློ་འདྲི་བས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་དང་གསོ་སྦྱོང་བྱེད་པར་གདན་དྲངས་ནས《ཉིན་བརྒྱའི་གཅིག་སྡུད་འགག་སྒྲོལ་བྱས་ནས་2023ལོའི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་དམིགས་ཚད་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་ཇུས་གཞི》བཀྲམ་པ་དང་འབྲེལ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་དང་། སྡོང་ཕྲུག་འགན་ལེན་ཚོགས་ཆུང་། འདེབས་འཛུགས་འགན་ལེན་ཚོགས་ཆུང་། བདེ་འཇགས་ཐོན་སྐྱེད་ཚོགས་ཆུང་། དྲིལ་བསྒྲགས་འཕྲིན་སྤེལ་ཚོགས་ཆུང་བཅས་ཚོགས་ཆུང་ལྔ་བཙུགས་ཏེ་སྡོང་ཕྲུག་དང་། འདེབས་འཛུགས། བདག་སྐྱོང་སོགས་སྤུས་ཚད་ཀྱི་ལག་རྩལ་འགག་སྒོར་ཕྱོགས་ཡོངས་ནས་དམ་འཛིན་བྱས་ནས་སྡོང་ཕྲུག་གི་གསོན་ཚད་མཐོ་རུ་བཏང་ཡོད། ནགས་བཟོའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་ལྟ་སྐུལ་དང་འགན་ལེན་བྱས་ནས་2022ལོའི་གསབ་འཛུགས་གསབ་སྐྲུན་ལས་དོན་དང་2023ལོའི་ནགས་བཟོའི་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཟླ་3ཚེས་12ཉིན་ནས་བཟུང་། སྡོང་ཕྲུག་འགན་ལེན་ཚོགས་ཆུང་དང་འདེབས་འཛུགས་འགན་ལེན་ཚོགས་ཆུང་སོགས་འགན་ནུས་ཚོགས་ཆུང་གིས་ལྷོ་རི་བྱང་རི་སྔོ་འགྱུར་ནགས་བཟོ“སྔོན་འདེབས་རྗེས་གསབ”སོགས་ལས་གྲྭའི་རྣམ་གྲངས་ཀྱི་སྡོང་ཕྲུག་གི་སྤུས་ཚད་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་རེད། གྲངས་གཞི་ལས་མངོན་པར། མིག་སྔར་སྡོང་ཕྲུག་གི་འགན་ལེན་ཚོགས་ཆུང་གིས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཐེངས་98བྱས་པ་དང་སྡོང་ཕྲུག་ཁྲི་75ཙམ་ལ་ཞིབ་བཤེར་བྱས་ནས་སྡོང་ཕྲུག་ཁྲི་8ཙམ་ཕྱིར་སློག་བྱས་ཡོད། འདེབས་འཛུགས་འགན་ལེན་ཚོགས་ཆུང་གིས་གསབ་འཛུགས་ལ་ཤུགས་སྣོན་བརྒྱབ་ནས་སྡོང་ཕྲུག་ཁྲི་35གསབ་འཛུགས་བྱས་ཡོད།
ས་ཐེངས་གཅིག་སྔོག་ན་སྡོང་ཕྲུག་རྐང་གཅིག་འདེབས་ཐུབ་པ་དང་དེ་ཡང་སྐྱེ་ཁམས་ཤེས་དཔལ་གྱི་རེ་བའང་ཡིན། ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོའི་ནགས་བཟོའི་ས་ཚིགས་4པར་ཞིང་འབྲོག་པ་བསྟན་འཛིན་གྱིས་ས་ཞིང་བཏབ་རྗེས་ནགས་བཟོའི་ས་ཚིགས་སུ་ཡོང་ནས“ཞིང་དལ་སྐབས་ཤིང་འཛུགས་ཀྱི་ཡོད། གསོ་སྦྱོང་བྱས་ནས་ལས་གནས་སུ་ཞུགས་རྗེས། སྒོ་འགྲམ་ནས་ཉིན་ལྟར་ཡོང་འབབ་སྒོར་250རག་གི་འདུག འཚོ་བ་ནི་མྱུ་གུ་དེ་དང་འདྲ་བར་རེ་བས་ཁེངས་སོང”ཞེས་བཤད།