དབུ་ཤོག>ཆེད་སྒྲིག
  • ངེས་པར་དུ་ཤེས་དགོས་པའི་ཐ་སྙད་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-18

    འགྱིག་བལ་གྲོང་ཁྱེར།

    2015ལོའི་ཟླ་10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་སྟེ་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་རེད། 《མཛུབ་ཁྲིད་བསམ་འཆར》ནང་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་བརྒྱུད་གྲོང་ཁྱེར་གསར་སྤེལ་དང་འཛུགས་སྐྲུན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གང་ཐུབ་བཏང་སྟེ་ཆར་ཆུ་70%ས་ཆ་དེ་རང་དུ་ཐག་གཅོད་དང་བེད་སྤྱོད་ཐུབ་པར་བྱེད་དགོས་པ་དང་། 2020ལོར་སླེབས་སྐབས་གྲོང་ཁྱེར་བསྐྲུན་ཟིན་པའི་ཁུལ་གྱི་རྒྱ་ཁྱོན་20%ཡན་དམིགས་ཚད་བླང་བྱ་དང་མཐུན་དགོས་པ། 2030ལོར་སླེབས་སྐབས་གྲོང་ཁྱེར་བསྐྲུན་ཟིན་པའི་ཁུལ་གྱི་རྒྱ་ཁྱོན་80%ཡན་དམིགས་ཚད་བླང་བྱ་དང་མཐུན་དགོས་པ་བཅས་ཁ་གསལ་བཏོན་ཡོད། ཙུང་ལི་ལི་ཁེ་ཆང་གིས་2017ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བསྟན་གནང་དོན། གྲོང་ཁྱེར་གྱི་ས་ངོས་དང་ས་འོག་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ། གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་མདོང་ལམ་སྤྱི་ལེ་2000ཡན་སླར་ཡང་ལས་འགོ་བཙུགས་ནས་འཛུགས་སྐྲུན་དང་། གྲོང་ཁུལ་གྱི་གཙོ་གནད་ཞོད་སྐྱོན་ཐོན་སླ་བའི་ཁུལ་མེད་པར་བཟོ་བའི་ལོ་གསུམ་བྱ་སྤྱོད་སྤེལ་བ། འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་གྱི་ཕྱིའི་རྣམ་པ་དང་ནང་གི་བཀོད་པ་དེ་བས་ཡག་པོ་ཡོང་བར་བྱེད་དགོས།

    འབྱུང་འཕྲོད་གོང་འཕེལ།

    2017ལོའི་ཟླ་10ཚེས་18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་གནང་དོན། འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཤིང་། འབྱུང་འཕྲོད་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་བཅའ་ཁྲིམས་ལམ་ལུགས་དང་སྲིད་ཇུས་ཀྱི་ཁྲིད་ཕྱོགས་མགྱོགས་པོ་བཙུགས་ནས། འབྱུང་འཕྲོད་ཐཱན་ཉུང་དང་རྒྱུན་འཁོར་གོང་འཕེལ་འགྲོ་བའི་དཔལ་འབྱོར་གྱི་མ་ལག་གསར་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲོམ་རས་ཁྲིད་སྟོན་བྱེད་པའི་འབྱུང་འཕྲོད་ལག་རྩལ་གསར་གཏོད་ཀྱི་མ་ལག་འཛུགས་པ་དང་ལྗང་མདོག་དངུལ་རྩ་འཕེལ་རྒྱས་བཏང་སྟེ་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་དང་། ཐོན་སྐྱེད་ཐོན་ལས་གཙང་མ། ནུས་རྒྱུའི་ཐོན་ལས་གཙང་མ་བཅས་སྟོབས་ཆེར་གཏོང་དགོས། ནུས་རྒྱུའི་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་གསར་བརྗེར་སྐུལ་འདེད་བཏང་སྟེ་དྭངས་གཙང་ཐཱན་ཉུང་དང་བདེ་འཇགས་ཕན་ཆེའི་ནུས་རྒྱུའི་མ་ལག་འཛུགས་དགོས། ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་རྒྱུན་འཁོར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་གི་བྱ་སྤྱོད་ལག་ལེན་བསྟར་བ། ནུས་རྒྱུ་ཟད་གྲོན་དང་དངོས་རྫས་ཟད་གྲོན་ཆུང་དུ་བཏང་སྟེ་ཐོན་སྐྱེད་མ་ལག་དང་འཚོ་བའི་མ་ལག་འཁོར་རྒྱུག་སྦྲེལ་མཐུད་ཐུབ་པར་བྱེད་དགོས། སྟབས་བསྡུས་ཚད་མཐུན་དང་འབྱུང་འཕྲོད་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་། རྒྱས་སྤྲོས་ཆུད་ཟོས་དང་ཚུལ་མིན་གྱི་འཛད་སྤྱོད་ལ་ངོ་རྒོལ་བྱས་ཏེ་གྲོན་ཆུང་རྣམ་པའི་ལས་ཁུངས་དང་། འབྱུང་འཕྲོད་ཁྱིམ་ཚང་། འབྱུང་འཕྲོད་སློབ་གྲྭ འབྱུང་འཕྲོད་སྡེ་ཁུལ། འབྱུང་འཕྲོད་འགྲོ་སྐྱོད་སོགས་འཛུགས་གཏོད་ཀྱི་བྱ་སྤྱོད་སྤེལ་དགོས།

    སྟག་སྦྲང་མཉམ་རྡུང་།

    2013ལོའི་1ཚེས་22ཉིན། ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རང་རེའི་ཏང་གིས་མཐོ་རིམ་ལས་བྱེད་པ་ཚུད་པའི་ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱི་སྒྲིག་འགལ་ཚབས་ཆེན་གྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པའི་རང་རེའི་ཏང་གི་ཆོད་སེམས་བརྟན་པོ་དང་རྣམ་འགྱུར་གསལ་པོ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་གསལ་སྟོན་གནང་ཡོད། མི་སུ་འདྲ་ཞིག་དང་གོ་གནས་ཇི་ལྟར་མཐོ་ཡང་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་འགལ་ཚེ་ཚང་མར་བདའ་འདེད་ནན་པོ་དང་ཆད་པ་ནན་པོ་གཅོད་རྒྱུ་དེ་སྟོང་གཏམ་ཞིག་གཏན་ནས་མིན། ཏང་ནན་པོས་སྐྱོང་བར་ཆད་གཅོད་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་། སྟག་སྦྲང་མཉམ་རྡུང་བྱེད་དགོས་པ་སྟེ། འགོ་ཁྲིད་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་ལ། མང་ཚོགས་ཀྱི་འགྲམ་དུ་ལྷག་པའི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཡང་ཐག་གཅོད་ཏན་ཏིག་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ཏེ། སུ་ཞིག་དང་འབྲེལ་བ་ཡོད་རུང་ཞིབ་བཤེར་ཐག་གཅོད་མཐིལ་རྟོགས་བྱེད་པ་ལས། རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།