དབུ་ཤོག>ཆེད་སྒྲིག
  • སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད། ཡིད་འོང་ཁྱིམ་གཞིས་མཉམ་དུ་སྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-16

    འདི་ནི་མཛེས་སྡུག་ལྡན་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ།

    སྔོ་ལྗང་ནི་གངས་ལྗོངས་ས་མཐོའི་མངོན་གསལ་དོད་པའི་རང་མདངས་ཤིག་རེད། ཏང་གི་ཚོཌ་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་ཀྱི་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་མཐའ་འཁྱོངས། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ས་གཙང་སྲུང་སྐྱོང་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། གངས་ལྗོངས་ཀྱི་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་ཀླུང་དེ་བས་སྔོ་ལྗང་། ཆུ་མོ་དེ་བས་དྭངས་ཤིང་གཙང་བ་བཅས་ཡོང་བར་བྱས་ཡོད་པ་རེད།

    སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་ཞིག་བསྐྲུན་པ།

    “ཁོར་ཡུག་ལེགས་སུ་ཕྱིན་ནས་མཁའ་རླུང་གཙང་ལ་འཚོ་བ་ཡང་སྐྱིད་པོ་འདུག”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོའི་གྲོང་མི་ཟླ་བས་སྔོ་ཐིང་ཐིང་གི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་ལྟ་བཞིན་དུ་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

    སྔོན་ཆད་ས་ཆ་དེ་ནི་མི་ཚང་མས་གླེང་འདོད་མེད་པའི་ས་ཆ་ཞིག་རེད། དེ་སྔ་རང་བྱུང་དང་མི་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཕོག་པའི་འོག ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོ་འདྲེས་མཚམས་སུ་སྔོ་ཁེབས་ཉུང་དུ་ཕྱིན་ནས་བྱེ་འགྱུར་ཚབས་ཆེན་པོ་ཡོད། གཙང་པོ་རྒྱས་པའི་དུས་ཚོད་སླེབས་རིམ་བཞིན་གཙང་ཆུས་ས་ཞིང་བསྣུབས་པ་མ་ཟད། ཉེ་འཁོར་གྱི་གྲོང་ཚོའི་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་མང་པོ་བཟོ་ཡི་ཡོད།

    དེའི་ཐད་ས་གནས་དེ་གའི་སྲིད་གཞུང་གིས“སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར”འཇོག་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས། 《ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྤྱིའི་འཆར་འགོད》བཟོས་པ་དང་། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དོ་དམ་ཅུས་བཙུགས་ཏེ་འདམ་ར་སླར་གསོ་དང་སྲུང་སྐྱོང་སོགས་ཀྱི་འདུ་འགོད་ལག་ལེན་བསྟར་བ་དང་། འདམ་རའི་སྤྱི་གླིང་དོ་དམ་ས་ཚིགས་དང་། དྲིལ་བསྒྲགས་བྱང་བུ། མཚམས་རྟགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱས་ནས། འདམ་རའི་སྲུང་སྐྱོང་ནུས་པ་རིམ་བཞིན་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་སྔོ་ཁེབས་སླར་གསོ་ཐུབ་པའི་རྒྱ་ཁྱོན་མུའུ་1839ཟིན་པ་དེས་འདམ་རའི་སྤྱིའི་རྒྱ་ཁྱོན་གྱི་21%བཟུང་ཡོད། དེ་དང་ཆབས་ཅིག་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཉེ་འཁོར་གྱི་གྲོང་མི་ཚོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་དང་ལེན་ཞུས་ནས་བྱེ་འགོག་ནགས་བཟོའི་འདུ་འགོད་ནང་ཧུར་ཐག་ཞུགས་ཡོད། 2008ལོ་ནས་བཟུང་མཆོག་ཚེ་རིང་གིས་འཐུས་མི་བྱས་པའི་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ལོ་ལྟར་མུའུ་2000ནས་5000བར་གྱི་ཤིང་འཛུགས་ལས་འགན་བཀོད་སྒྲིག་བྱེད་ཀྱི་ཡོད། “གྲོང་ཚོ་ཡོངས་ཀྱིས་ལོ་བཅུ་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་སྡོང་ཕྲུག་ཁྲི་བཅུ་ཕྲག་ཁ་ཤས་བཏབ་པ་དང་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་7ཙམ་ཟིན་ཡོད”ཅེས་མཆོག་ཚེ་རིང་གིས་སྤོབས་སེམས་ཆེན་པོས་བཤད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་གོ་རིམ་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད། མིག་སྔར་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་99.4%ཟིན་པ་དང་ཆུའི་སྤུས་ཚད་ཚང་མ་རིམ་པ་Ⅲགྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ་རེད། ལྗོངས་ཡོངས་ལ་བལྟས་ཚེ་ཕུ་རོག་གངས་རི་འཁྱགས་རོམ་དང་། གནམ་ལྕགས་འབར་བ། གནམ་མཚོ། ཡར་ཀླུང་གཙང་པོ་སོགས་ལ་ཚད་གཞི་མཐོ་བའི་སྲུང་སྐྱོང་ཐོབ་ནས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མང་པོ་ཞིག་སྐྲུན་བཞིན་ཡོད་པ་རེད།

    སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་ཁོར་ཡུག་གཏོད་པ།

    གྲོང་གསེབ་ཀྱི་མིའི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པ་ནི་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ལ་གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། 2022ལོར་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་མུ་མཐུད་གཏིང་ཟབ་བྱས་ནས། རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་གསང་སྤྱོད་35733སྒྱུར་བཀོད་བྱས་པ་དང་། སྲིད་འཛིན་གྲོང་ཚོ་597གྱི་གྲོང་གསེབ་ཀྱི་བཙོག་ཆུ་གཙང་གསིང་བྱས་པ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་ཚད་5.7%ནས་10.8%བར་མཐོ་རུ་ཕྱིན་པ། གྲོང་གསེབ་ཀྱི་མིའི་སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་གྱིས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་ལ་བརྟེན་ནས་གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་བཏང་སྟེ། མ་དངུལ་སྒོར་ཁྲི་3260ལྷག་ཙམ་བཏང་ནས་གྲོང་རྡལ་ཡོངས་ཀྱི་ཉེ་འཁོར་གྱི་གྲོང་ཚོའི་གྲོང་མིའི་སྡོད་ཁང་གི་ཕྱིའི་རྣམ་པ་རིམ་སྤོར་སྒྱུར་བཀོད་བྱས་པ་དང་། མ་དངུལ་སྒོར་ཁྲི་2180བཏང་ནས་ཉེ་འཁོར་གྱི་སྡེ་ཁུལ་6ལ་ཆུ་མཁོ་འདོན་འདུ་འགོད་ཀྱི་རྣམ་གྲངས་ལག་ལེན་བསྟར་བ་དང་འབྲེལ་ཁོངས་གཏོགས་ཁུལ་གྱི་མུའུ་368ཀྱི་བསྐྱར་སྦོལ་དང་ལྗང་མདོག་སླར་གསོ་འཛུགས་སྐྲུན་རྣམ་གྲངས་ལེགས་སྒྲུབ་བྱས་པ། དུད་ཚང་གཅིག་ལ་ཁང་པ་མང་བ་དང་སྡོད་ཁང་མཛེས་བཟོའི་འདུ་འགོད་ལག་ལེན་བསྟར་ནས་གྲོང་གསེབ་ཀྱི་དུད་ཚང་180ཡི་གསང་སྤྱོད་སྒྱུར་བཀོད་བྱས་པ་སོགས་རེད།

    ད་ཆ་སྟག་ལུང་གྲོང་རྡལ་དུ་ཨར་འདམ་ལམ་གཙང་ཞིང་ཁོད་སྙོམས་པ་དང་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པ་མ་ཟད། མཛེས་སྡུག་ལྡན་པའི་བོད་ཁྱིམ་གྱི་སྒོ་ར་གྲལ་སྟར་འགྲིག་པོར་གནས་ཡོད། ཁང་པའི་རྒྱབ་མདུན་གང་སར་ཤིང་འཛུགས་ནགས་བཟོ་དང་རྩྭ་རྩི་ཤིང་བཏབ་པའི་ཁྲོད་འདབ་ཆགས་སྣ་ཚོགས་ཅི་དགར་རོལ་བཞིན་ཡོད་པས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཉམས་འགྱུར་ཟབ་མོ་མངོན་གྱིན་ཡོད།

    ལྗང་མདོག་སྲུང་སྐྱོང་གི་རྣམ་པ་བཟང་པོ་གཏོད་པ།

    མངའ་རིས་ས་ཁུལ་རུ་ཐོག་རྫོང་ཁོངས་སུ་གནས་པའི་རྡོ་དམར་གཙང་པོ་ནི་མཚོ་མོ་ངང་ལག་རིང་པོའི་ཡན་ལག་གཙང་པོ་དང་ཆུ་ཁུངས་གལ་ཆེན་ཞིག་རེད། དེ་སྔ་རྡོ་དམར་གཙང་པོའི་འགྲམ་དུ་ཡོད་པའི་དབུས་བྱང་གྲོང་ཚོའི་བཙོག་ཆུ་ཐད་ཀར་རྡོ་དམར་གཙང་པོར་འབུད་པ་དེས་མཚོ་མོ་ངང་ལག་རིང་པོའི་ཆུ་སྤུས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད།

    རུ་ཐོག་རྫོང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རིམ་གསུམ་ཆུ་དཔོན་དང་མཚོ་དཔོན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས་རིམ་གསུམ་གྱི་ཏང་སྲིད་འགོ་ཁྲིད་གཙང་པོ་དང་མཚེའུའི་འགན་འཁུར་བ་དང་སྲུང་སྐྱོང་བར་གྱུར་ཡོད། དེ་དང་ཆབས་ཅིག་རྫོང་དེས“ཁེ་ལས་ཀྱི་ཆུ་དཔོན་དང་མཚོ་དཔོན”དང“སྤྱི་ཕན་གྱི་ཆུ་དཔོན་དང་མཚོ་དཔོན”གྱི་དཔུང་ཁག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་རིམ་པ་མང་བ་དང་། ནུས་ཤུགས་ཆེ་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཆུ་དཔོན་དང་མཚོ་དཔོན་གྱི་རྩ་འཛུགས་མ་ལག་བཙུགས་པ་མ་ཟད། ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་དང་། ཞིབ་དཔྱད། ལག་བསྟར། རྗེས་སྙེགས། འགན་འཁྲི་རྩད་གཅོད་བཅས་ཀྱི“གོམ་སྟབས་ལྔ་ལྡན་གྱི་ལས་དོན་བྱ་ཐབས”ལ་བརྟེན་ནས་ཕྱོགས་བསྡུས་ཁོར་ཡུག་བཅོས་སྒྲིག་བྱས་པ་རེད། དུས་མཚམས་ཤིག་གི་རྗེས་སུ་མཚོ་མོ་ངང་ལག་རིང་པོའི་ཁུལ་གྱི་སྐྱེ་ཁམས་སླར་ཡང་དེ་སྔ་ལྟར་སླར་གསོ་བྱུང་ཡོད།

    འདས་ཟིན་པའི་ལོ་གཅིག་ནང་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་སྲིད་གཞུང་གི་གཙོ་ཁྲིད་དང་། སྡེ་ཚན་གྱི་མཉམ་འགུལ། མང་ཚོགས་ཐེ་ཞུགས་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས《ཡ་རབས་ཀྱི་བསང་གཏོང་བ》དང་། 《ཁོར་ཡུག་སྲུང་སྐྱོང་བའི་གླུ་གཞས》 《བྱང་ཐང་གི་མི་དང་རང་བྱུང་ཁམས》 《གངས་ལྗོངས་ཀྱི་འདབ་ཆགས་ཁྲུང་ཁྲུང་སྐེ་ནག》སོགས་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་གཞིར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། དེ་དང་ཆབས་ཅིག་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཟླ་བ་དང་ཐཱན་ཉུང་ནུས་རྒྱུ་གྲོན་ཆུང་གཟའ་འཁོར་སོགས་ཀྱི་བྱེད་སྒོའི་རྣམ་པ་སྣ་ཚོགས་ལ་ཞུགས་མཁན་མི་ཐེངས་ཁྲི་30ལྷག་ཙམ་ཟིན་ནས“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཚང་མ་ཞུགས་པ་དང་ལྗང་མདོག་ཁྱིམ་གཞིས་ཚང་མས་སྐྲུན་པའི”རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

    སྐྱེ་ཁམས་དར་ན་ཤེས་དཔལ་དར། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གོམ་ཞེང་ཆེན་པོས་སྐྱོད་སྐབས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཕྱོགས་ཡོངས་ཀྱི་སྤྱི་འདོམས་འོག་གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དཔུང་ཁག་གི་སྤྱོད་ཚུལ་ལེགས་གཏོང་དང་སླར་ཡང་འགོ་བཙུགས་ཏེ་དཔའ་ངར་ཆེན་པོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་སེམས་ནུས་གཅིག་སྒྲིལ་དང་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་གངས་ལྗོངས་ས་མཐོའི་ནམ་མཁའ་སྔར་བས་སྔོ་བ་དང་། ཆུ་མོ་སྔར་བས་དྭངས་བ། རི་ཀླུང་སྔར་བས་སྔོ་ལྗང་བཅས་ཡོང་བར་བྱེད་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།