དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》 སྐོར་གྱི་དྲི་བ་དྲིས་ལན། (10)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-12

    ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་དུ་ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོའི་ངོས་ནས་ནུས་པ་གང་ལེགས་འདོན་པའི་ནང་དོན་ཁ་སྣོན་བྱེད་དོན་གང་ཡིན་ནམ།

    ལན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་སྤྱིའི་རྩ་འཛིན་གྱི་རང་བྱུང་དུམ་བུ་བཅུ་གསུམ་པར། “ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོའི་ངོས་ནས་ནུས་པ་གང་ལེགས་འདོན་པའི”ནང་དོན་ཁ་སྣོན་བྱས་ཡོད། ཤེས་ལྡན་པའི་སྣེ་ཁྲིད་འཕེལ་རྒྱས་ཀྱི་འཐབ་ཇུས་གནས་བབ་ལ་མངོན་གསལ་དོད་པོས་ནན་བཤད་བྱས་པ་དང་། དུས་རབས་གསར་པའི་ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས། 2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་ཆེད་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་ཤེས་ལྡན་པའི་རྨང་གཞི་ཡག་པོ་འདིང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    དང་པོ། ཤེས་ལྡན་པའི་གནས་བབ་གལ་ཆེན་གྱི་ནུས་པར་ངོས་འཛིན་གཏིང་ཟབ་བྱེད་པར་ཕན་པ་ཡོད། ཤེས་ལྡན་པ་ནི་མི་རིགས་དར་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་ཐོབ་པའི་འཐབ་ཇུས་ཀྱི་ཐོན་ཁུངས་ཤིག་རེད། དེང་གི་འཛམ་གླིང་དུ་ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ཤེས་ལྡན་པའི་ཐོན་ཁུངས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་ཁུངས་ཨང་དང་པོའི་ངོས་ནས་ཁྱད་ཆོས་དང་ནུས་པ་སྔར་བས་མངོན་གསལ་དོད་པོ་ཡོད་པས། ཤེས་ལྡན་པའི་འགྲན་རྩོད་ནི་ཕྱོགས་བསྡུས་རྒྱལ་སྟོབས་འགྲན་རྩོད་ཀྱི་ལྟེ་བར་གྱུར་ཡོད། ལྷག་པར་དུ་དུས་རབས་21པར་ཤར་ཚུན་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་སྔ་ན་མེད་པའི་འཁྲུག་ཆ་དོད་པའི་དུས་སྐབས་སུ་སླེབས་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱིས་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་མངའ་ཁོངས་ཡང་བསྐྱར་སྐྲུན་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲུབ་ཆ་ཡང་བསྐྱར་གཏོད་བཞིན་ཡོད། རང་རྒྱལ་འཛམ་གླིང་གི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེའམ་ཐོན་ལས་འཕོ་འགྱུར་དང་རང་རྒྱལ་གྱི་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་འབྲེལ་མཚམས་སུ་གནས་ཡོད་པས། ལོ་ངོ་སྟོང་ལ་འཕྲད་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་ཕྲད་ཡོད་ལ། ཧེ་བག་ཆེ་རུ་འགྲོ་བའི་འགྲན་རྩོད་དྲག་པོ་ཡང་ཕྲད་ཡོད་པས། ངེས་པར་དུ་གསར་གཏོད་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཏུ་འཇོག་དགོས། ཤེས་ལྡན་པ་ནི་གསར་གཏོད་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན་པ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ངོ་བོ་ནི་ཤེས་ལྡན་པའི་སྒུལ་ཤུགས་རེད། སྤུས་ཚད་རྩ་འགྱུར་དང་། ལས་ཆོད་རྩ་འགྱུར། སྒུལ་ཤུགས་རྩ་འགྱུར་བཅས་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཆོད་དེ་བས་ཆེ་བ། དེ་བས་དྲང་སྙོམས། དེ་བས་རྒྱུན་མཐུད། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ལ་འབད་བརྩོན་བྱེད་དགོས་ན། ངེས་པར་དུ་ཤེས་ལྡན་པ་ཐོན་ཁུངས་ཨང་དང་པོའི་ངོས་ནས་ནུས་པ་གང་ལེགས་འདོན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་དུ་ནང་དོན་འདི་ཁ་སྣོན་བྱས་ཡོད་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་བཅས་ལ་ཐོན་པའི་ཤེས་ལྡན་པའི་ནུས་པ་གལ་ཆེན་ལ་ངོས་འཛིན་ཟབ་ཏུ་གཏོང་བར་ཕན་པ་ཡོད་ཅིང་། ཤེས་ལྡན་པས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གནས་བབ་སྔར་བས་གཏན་འཁེལ་དང་། ཤེས་ལྡན་པའི་ཐོན་ཁུངས་གསར་སྤེལ་གནས་བབ་དང་ཤོས་སུ་བཞག་ནས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་ལེགས་པོ་བཅས་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་གྱི་ཤེས་ལྡན་པའི་འདེགས་སྐྱོར་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ཡོད།

    གཉིས་པ། ཤེས་ལྡན་པའི་ལས་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་2035ལོར་སླེབས་སྐབས་རང་རྒྱལ་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པ་དང་། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་དགོས་པའི་འཐབ་ཇུས་དམིགས་ཚད་ཁ་གསལ་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་གྱི་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་ཤེས་ལྡན་པའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་དུས་མཚུངས། རང་རྒྱལ་གྱི་ཤེས་ལྡན་པའི་ལས་དོན་དུས་བབ་གསར་པའམ་ལས་འགན་གསར་པ་དང་བསྡུར་ན་ད་དུང་མི་འཚམ་པའི་ཆ་མང་པོ་ཡོད་པ་མཐོང་ཐུབ། དཔེར་ན། འཐབ་ཇུས་ཀྱི་ཚན་རིག་མཁས་ཅན་དང་། ཤེས་ལྡན་པ་རྩེར་སོན། ལག་རྩལ་འགག་སྒྲོལ་གྱི་ཤེས་ལྡན་པ། རྨང་གཞིའི་ཞིབ་འཇུག་ཤེས་ལྡན་པ་བཅས་མི་འདང་བ་དང་། ཤེས་ལྡན་པའི་སྲིད་ཇུས་གནད་སྨིན་ཅན་གྱི་ཆུ་ཚད་མཐོ་པོ་མེད་པ། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཐད“མཐའ་མའི་འགག་གནད”ཤར་གཏོང་མི་ཐུབ་པའི་གནད་དོན་གནས་པ། དཔྱད་རྩོམ་དང་། གོ་མིང་། སློབ་རྒྱུད། བྱ་དགའ་སོགས་ཁོ་ནར་གཞིགས་ནས་ཤེས་ལྡན་པར་གདེང་འཇོག་བྱེད་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་སོགས་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་དུ“ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོའི་ངོས་ནས་ནུས་པ་གང་ལེགས་འདོན་པའི”ནང་དོན་ཁ་སྣོན་བྱས་པ་དེ་ནི་དམིགས་ཚད་ཀྱི་ཕྱོགས་སྟོན་དང་། གནད་དོན་གྱི་ཕྱོགས་སྟོན། མཇུག་འབྲས་ཀྱི་ཕྱོགས་སྟོན་བཅས་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། ཤེས་ལྡན་པའི་ནུས་པ་གང་ལེགས་འདོན་པར་འགོག་རྐྱེན་བཟོ་བའི་སྲིད་ཇུས་ཀྱི་སྐྱོན་ཆ་དང་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་བསལ་ནས། ཤེས་ལྡན་པའི་གསོན་ཤུགས་གང་ལེགས་འདོན་པ་དང་། གསར་གཏོད་ཀྱི་འབྱུང་ཁུངས་གང་ལེགས་འདོན་དུ་འཇུག་པ་འདི་རེད། ཏང་གིས་ཤེས་ལྡན་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། ཤེས་ལྡན་པས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་འཐབ་ཇུས་ཀྱི་གནས་བབ་མཐའ་འཁྱོངས། ཤེས་ལྡན་པའི་འཐབ་ཇུས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ། འཛམ་གླིང་གི་ཤེས་ལྡན་པའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གལ་ཆེན་མགྱོགས་མྱུར་སྐྲུན་པ། ཤེས་ལྡན་པའི་ས་ཁོངས་བཀོད་སྒྲིག་ལུགས་མཐུན་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས་མགྱོགས་མྱུར་བསྐྲུན་ཏེ། སློབ་དཔོན་ཆེ་མོ་དང་འཐབ་ཇུས་ཀྱི་ཚན་རིག་མཁན་ཅན། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པ་རྩེ་གྲ། གསར་གཏོད་ཚོགས་པ་དང་ན་གཞོན་ཚན་རྩལ་ཤེས་ལྡན་པ། ཁྱད་དུ་འཕགས་པའི་བཟོ་བཀོད་པ། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ། རྩལ་ནུས་མཐོ་བའི་ཤེས་ལྡན་པ་བཅས་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས། དེ་བས་ཧུར་བརྩོན་དང་། དེ་བས་སྒོ་དབྱེ། དེ་བས་ནུས་ལྡན་བཅས་ཀྱི་ཤེས་ལྡན་པའི་སྲིད་ཇུས་ལག་ལེན་བསྟར་བ་དང་། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ། ཤེས་ལྡན་པའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ཚད་བསྡུར་ལེགས་ཆ་ཆགས་པར་བྱེད་དགོས། ཤེས་ལྡན་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ནང་ཁུལ་དང་ཏང་ཕྱིའམ་རྒྱལ་ནང་དང་རྒྱལ་ཕྱིའི་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་པ་ཕུལ་བྱུང་རྣམས་ཏང་དང་མི་དམངས་ཀྱི་བྱ་གཞག་རླབས་པོ་ཆེར་གཅིག་ཏུ་བསྡུ་དགོས།

    གསུམ་པ། འཐབ་ཇུས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་ཀྱི་སྤྱི་ཡོངས་ཕན་ནུས་ཆེ་རུ་གཏོང་བར་ཕན་པ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཞིག་རེད། ངེས་པར་དུ་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་། ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ”བཅས་ཡིན་པ་མཐའ་འཁྱོངས་བྱེད་དགོས། ཚན་རྩལ་དང་། ཤེས་ལྡན་པ། གསར་གཏོད་བཅས་ནི་འབྲལ་ཐབས་མེད་པ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དུ་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ཆ་ཤས་ལྔ་པར་བཞག་ནས་གཅིག་བསྡུས་རྒྱས་བཤད་བྱས་པ་དེ་ལས་འཐབ་ཇུས་ཆེན་པོ་གསུམ་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་དང་། ཤེས་ལྡན་པ། གསར་གཏོད་བཅས་ཀྱི་ནུས་པ་ཕན་ཚུན་སྐུལ་སྤེལ་བྱེད་པར་ཕན་པ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱིས“ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོའི་ངོས་ནས་ནུས་པ་གང་ལེགས་འདོན་པ”དང“གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོའི་ངོས་ནས་ནུས་པ་གང་ལེགས་འདོན་པའི”དབར“ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོའི་ངོས་ནས་ནུས་པ་གང་ལེགས་འདོན་པ”ཁ་སྣོན་བྱས་ཏེ་འཐབ་ཇུས་ཀྱི་མ་ལག་དེ་བས་ཆ་ཚང་བ་དང་། འཐབ་ཇུས་མཉམ་ལས་དེ་བས་ལས་ཆོད་ཆེ་བ། འཐབ་ཇུས་ཀྱི་ནུས་པ་དེ་བས་མངོན་གསལ་དོད་པ་བཅས་བྱུང་ནས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་བཏོད་དེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།